འོས་བསྡུ་ལས་ཁང་དང་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ཁྲིམས་གཏུག

ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་དང་འབྲེལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གྱོད་གཞི་“འོས་བསྡུའི་སྒྲིག་གཞི་དང་འགལ་བའི་རྩོད་གླེང་” ཞེས་ཁྲིམས་གཏུག་བྱས་ཡོད་པ་དང་། རྩོད་གཞི་གཙོ་བོ་སྲིད་སྐྱོང་འོས་མི་བློ་བཟང་སེང་གེའི་མིང་དྭང་བླངས་དཔྲ་ཁྲལ་ལག་དེབ་ཐོག་ཏུ་སློབ་བཟང་སངས་རྒྱས་འཁོད་ཡོད་པའི་རྐྱེན་གྱིས་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་དབུས་འོས་བསྡུ་ལས་ཁང་ཁྲིམས་ཁང་དུ་བསྐྱལ་ཡོད་པ་རེད།

lo_2016_4_26ཁྲིམས་གཏུག་བྱེད་མཁན་ཞུ་སྦྱོར་བ་མི་མང་དང་བླངས་ལས་འགུལ་ཚོགས་པའམ་སྐད་འཕྲིན་ཚོགས་པ་ཞིག་གི་མི་མང་གི་སྐུ་ཚབ་བཀྲ་ཤིས་དབྱངས་འཛོམས་དང་། གྲྭ་དཀོན་མཆོག་གཉིས་ཡིན་པ་དང་། ཁོང་གཉིས་ཀྱིས་ཟླ་འདིའི་ཚེས་༢༦ ཉིན་གྱི་ཕྱི་དྲོ་དྷ་ས་མེག་གྷན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད། “སྐབས་དེར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེའི་ལེའུ་གཉིས་པའི་དོན་ཚན་བརྒྱད་པའི་ནང་གསེས་དྲུག་པ་དང་བདུན་པ། དབུས་འོས་བསྡུ་ལས་ཁུངས་ཀྱི་སྒྲིག་གཞི་ལེའུ་གཉིས་པ་དོན་ཚན་བརྒྱད་པའི་ནང་གསེས་དྲུག་པ་དང་བདུན་པ། དབུས་འོས་བསྡུ་ལས་ཁུངས་ཀྱི་སྒྲིག་གཞི་ལེའུ་གཉིས་པའི་དོན་ཚན་བརྒྱད་པའི་ནང་གསེས་གཉིས་པའི་ཆ་རྐྱེན་འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་<<འོས་བསྡུའི་སྒྲིག་གཞི་དང་འགལ་བའི་རྩོད་གླེང།>>གི་ཁ་མཆུ་ཞུ་སྦྱོར་བྱས་ཡོད་པ་དང། དེར་བདག་སྤྲོད་དང་འབྲེལ་གྱོད་ཡ་དབུས་འོས་བསྡུ་ལས་ཁང། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་གཉིས་ལའང་ཁ་མཆུ་རྩོད་ལན་དགོས་པའི་བརྡ་ཐོ་བཏང་ཟིན་པ་རེད་ལ། གོང་གསལ་ཁ་མཆུ་དེའི་མཐའ་མའི་བཅད་ཁྲ་མ་འཐོན་བར་ཐེངས་འདིའི་སྲིད་སྐྱོང་འོས་གྲངས་ཁྱབ་བསྒྲགས་བྱས་མི་ཆོག་པའི་(stay order) ཞུ་སྙན་ཡང་ཕུལ་ཟིན་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་ལ།

ཁོང་གཉིས་ཀྱིས་འགན་ཁུར་བ་གཙོ་བོ་ཕྱི་རྒྱལ་དུ་གནས་སྡོད་བདེ་སྐྱིད་ཡིན་སྐོར་དང་། མོས་ཐེངས་འདིའི་གསར་འགོད་ལྷན་ཚོགས་ཐོག་བརྙན་འཕྲིན་ཐད་གཏོང་བརྒྱུད་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་རྒྱུ་ཡིན་སྐོར་འགྲེལ་བརྗོས་བྱས་སོང་ཡང་། ཐད་གཏོང་བརྙན་ཕྲིན་ཁོང་ཚོས་གོ་སྒྲིག་བྱེད་མ་ཐུབ་ནས་ལན་འདེབས་བྱེད་རྒྱུ་བྱུང་མེད་པ་རེད།

ཟླ་འདིའི་ཚེས་༢༦ ཉིན་ཆེས་མཐོའི་ཁྲིམས་ཞིག་ཁང་གིས་ཞུ་སྦྱོར་བ་གཉིས་ལ་འོས་གྲངས་ཁྱབ་བསྒྲགས་བྱས་མི་ཆོག་པའི་ཞུ་སྙན་ལ་ངོས་ལེན་མ་ཐུབ་པའི་ཡི་གེ་ཞིག་བཏང་བའི་ནང་འཁོད་དོན། “ཁྱེད་གཉིས་ནས་ཕྱི་ལོ་༢༠༡༦།༤།༢༥ འཁོད་༢༠༡༦ ལོའི་སྲིད་སྐྱོང་དངོས་གཞིའི་འོས་ཐོབ་ཁྱབ་བསྒྲགས་ཕྱིར་འཐེན་དགོས་པའི་བརྡ་ཁྱབ་དགོས་ངེས་ཀྱང་། དེ་ནས་ད་བར་དེ་ལྟར་བྱུང་བའི་བཀའ་ལན་གང་ཡང་མ་བྱུང་བས། ད་རིང་འདི་ནས་བསྐྱར་དུ་གསོལ་འདེབས་ཞུ་རྒྱུར། གོ་འཁོད་ཁ་མཆུ་མཐའ་མའི་བཅད་ཁྲ་མ་འཐོན་བར་ཐེངས་འདིའི་སྲིད་སྐྱོང་དངོས་གཞིའི་འོས་ཐོབ་ཁྱབ་བསྒྲགས་བྱེད་མི་ཆོག་པའི་བརྡ་ཁྱབ་འཕྲལ་དུ་གཏོང་གནང་དགོས་པའི་གསོལ་འདེབས་ཞུ་བཞིན་ཡོད་ཅེས་ཕུལ་དོན་ལྟར། ཁྲིམས་ཞིབ་པ་ལྷན་ཚོགས་སུ་སྙན་སེང་ཞུས་པས། ཁྱེད་གཉིས་ནས་ཕྱི་ལོ་༢༠༡༦།༤།༡༥ འཁོད་ཁ་མཆུ་ཞུ་གཏུག་གི་ཞུ་རྩ་ཕུལ་བའི་ནང་དེ་དོན་གསལ་འཁོད་མི་འདུག་ན། ད་སྐབས་འདི་བཞིན་ངོས་བཞེས་གནང་རྒྱུ་ཁྲིམས་ཡིག་གི་ཆ་རྐྱེན་གང་ཡང་མེད་སྟབས། སྙན་ཞུ་ངོ་མ་འདི་མཉམ་ཕྱིར་སློག་བྱ་དགོས་ཕེབས་འདུག་པ་ཡིད་འཇགས་ཞུ།”ཞེས་འཁོད་ཡོད་པ་རེད།

ཟླ་འདིའི་ཚེས་༢༧ ཞོགས་པ་དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་གྲངས་གཞུང་འབྲེལ་གྱིས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད།

ཞུ་སྦྱོར་བ་གཉིས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང། “ང་ཚོའི་ཐེངས་འདིའི་ལས་འགུལ་ནི་འདི་ལོའི་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ཁྲོད་གཏན་ལ་ཕབ་པའི་ཁྲིམས་དང་སྒྲིག་གཞི་འགལ་འཛོལ་རྣམ་པ་ཇི་སྙེད་ཅིག་ཐོན་ཡོད་ཅིང། དཔེར་ན། ང་ཚོའི་ཨ་རི་སྐུ་ཚབ་དོན་གཅོད་ལས་ཐོག་པས་འོས་བསྡུའི་སྒྲིག་སྲོལ་ལས་འགལ་འཛོལ་བྱུང་བ་ལ་ཐོག་མར་དབུས་འོས་བསྡུ་ལས་ཁང་ནས་དེ་དོན་བཀའ་ཡིག་ཕེབས་ཏེ་མི་མང་ནང་དོ་སྣང་གང་འཚམ་ཆེན་པོ་བྱུང་རྐྱེན། ཉིན་ཤས་རྗེས་གནད་དོན་དེ་མངོན་ཆུང་བཟོ་ཐབས་ཀྱི་བཀའ་ཡིག་རྗེས་སྣོན་བྱས་པ་ལྟ་བུ་རེད། གནད་དོན་འདིས་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་ཅེ་ན་དབུ་ལ་བཞུགས་མཁན་གྱི་གང་ཟག་རེ་ཟུང་གིས་དབང་ཆ་གང་བྱུང་བེད་ལོག་ཏུ་སྤྱད་ནས་ང་ཚོའི་སྒྲིག་འཛུགས་འདི་རྨང་ནས་རུལ་སུངས་ལམ་ལོག་ཏུ་ཁྲིད་ཀྱིན་པ་དེ་རེད།”ཅེས་དང་།

“སྲིད་སྐྱོང་འོས་མིའི་འོས་ཤོག་ཏུ་གསལ་བའི་མཚན་དང། མཚན་དེའི་དོ་བདག་གི་བཙན་བྱོལ་བོད་མི་ཡིན་པའི་ངོ་སྤྲོད་ཡིག་ཆར་གསལ་བའི་མཚན་གཉིས་རྦད་དེ་ཁག་ཁག་ཡིན་བཞིན་དུ་ཐད་ཀར་འགན་འཁྲི་ཡོད་པའི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང། དོ་བདག་སུ་ཐད་ནས་ཀྱང་དེ་དག་སྣང་མེད་དུ་འཇོག་པ་དང། མདོར་ན་མི་མང་རྩ་བ་ནས་མིག་ནང་འཇོག་གི་མེད་པ་དེ་རེད། རྒྱུ་མཚན་དེའི་སྟབས་ཀྱིས་མི་མང་དང་བླངས་ལས་འགུལ་བའི་མིང་ཐོག་ནས་ངེད་ཚོས་ཐོག་མར་གནད་དོན་དེའི་ཐད་མི་མང་ལ་བློ་ཡིད་ཚིམ་པའི་གསལ་བཤད་ཅིག་ཡོང་རེར་དབུས་འོས་བསྡུའི་ལས་ཁུངས་ལ་སྙན་ཞུ་དོན་ཚན་གཉིས་ཅན་ཞིག་ཕུལ་ཡོད་མོད། འོན་ཀྱང་དེ་ལ་བཀའ་ལན་ཞིག་གནང་བའི་ནང། གོང་གི་གནད་དོན་ཁ་གསལ་དུ་འགྲོ་རྒྱུ་བཞག་ནས་ཁྲིམས་སྒྲིག་དང་ལམ་སྟོན་བཀའ་ཡིག་གི་འབྲུ་དོན་རྩིས་མེད་ཀྱིས་མགོ་ཇེ་སྙོག་ཏུ་བཏང་ཡོད། དེ་ལ་འདི་ནས་བསྐྱར་དུ་ཞུ་སྙན་ཐེངས་གཉིས་ཕུལ་ཡོད་མོད། འོན་ཀྱང་དེ་ལ་བཀའ་ལན་མ་བྱུང་སྟབས་བཀའ་ལན་དགོས་པའི་འབོད་སྐུལ་ཐེངས་གཉིས་ཞུས་ཀྱང་ཡ་ལན་མ་གནང་བས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེའི་ལེའུ་གཉིས་པའི་དོན་ཚན་བརྒྱད་པའི་ནང་གསེས་དྲུག་པ་དང་བདུན་པ། དབུས་འོས་བསྡུ་ལས་ཁུངས་ཀྱི་སྒྲིག་གཞི་ལེའུ་གཉིས་པ་དོན་ཚན་བརྒྱད་པའི་ནང་གསེས་དྲུག་པ་དང་བདུན་པ། དབུས་འོས་བསྡུ་ལས་ཁུངས་ཀྱི་སྒྲིག་གཞི་ལེའུ་གཉིས་པའི་དོན་ཚན་བརྒྱད་པའི་ནང་གསེས་གཉིས་པའི་ཆ་རྐྱེན་འོག་ཆེ་མཐོའི་ཁྲིམས་ཞིབ་ཁང་ལ་<<འོས་བསྡུའི་སྒྲིག་གཞི་དང་འགལ་བའི་རྩོད་གླེང།>>གི་ཁ་མཆུ་ཞུ་སྦྱོར་བྱས་ཡོད་པ་དང། དེར་བདག་སྤྲོད་དང་འབྲེལ་གྱོད་ཡ་དབུས་འོས་བསྡུ་ལས་ཁང། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་གཉིས་ལའང་ཁ་མཆུ་བརྩོད་ལན་དགོས་པའི་བརྡ་ཐོ་བཏང་ཟིན་པ་རེད་ལ། གོང་གསལ་ཁ་མཆུ་དེའི་མཐའ་མའི་བཅད་ཁྲ་མ་འཐོན་བར་ཐེངས་འདིའི་སྲིད་སྐྱོང་འོས་གྲངས་ཁྱབ་བསྒྲགས་བྱས་མི་ཆོག་པའི་(stay order)ཞུ་སྙན་ཡང་ཕུལ་ཟིན་ཡོད་”ཅེས་འཁོད་ཡོད་པ་རེད།

གསར་འགོད་པས་ཁྱེད་ཚོས་ཡི་གེ་དང་པོ་འོས་བསྡུ་ལས་ཁང་ལ་བཏང་བའི་ལན་འདོད་པ་མ་ཁེངས་པའི་སྐོར་གསུངས་པས། འོས་བསྡུའི་བཀའ་ལན་ལན་ག་རེ་ཡོད་རེད་ཅེས་དྲིས་པར། བཀྲ་ཤིས་དབྱངས་འཛོམས་ཀྱིས། “འོས་བསྡུ་ལས་ཁང་གིས་མིང་གི་དག་ཆ་ནོར་བ་རེད་མ་གཏོགས་གཞན་མི་འདུག་གསུངས་པ་རེད། ཡིན་ཡང་བློ་བཟང་སེང་གེ་དང་སློབ་བཟང་སངས་རྒྱས་ལོག་ཀ་རེད་”ཅེས་ལན་འདེབས་གནང་སོང་།

གསར་འགོད་པས། “སྔོན་མ་འོས་མིའི་ནང་ལངས་མཁན་ཚོར་དེ་འདྲ་མིང་མ་འདྲ་ཡོད་མེད་དང་། དེ་བཞིན་ཐེངས་འདིའི་འོས་བསྡུའི་སྐབས་སྲིད་སྐྱོང་འོས་མི་ལས་གཞན་སྲིད་སྤྱི་གཉིས་ཀྱི་ནང་ལངས་མཁན་ཚོར་མིང་དེ་འདྲ་མ་འདྲ་བ་ཡོད་མེད་སྐོར་དྲིས་པར། ཁོང་གིས། “སྔོན་མ་འོས་བསྡུའི་སྐབས་དོན་སྣང་མ་བྱས་པའི་རྐྱེན་རེད། ད་ཐེངས་ཚང་མར་དོ་སྣང་བྱུང་བས་དེ་འདྲ་བྱས་པ་རེད་”ཅེས་དང་། “ད་ཐེངས་འོས་བསྡུའི་སྐབས་སྲིད་སྐྱོང་མ་གཏོགས་གཞན་པ་དེ་འདྲ་ཡོད་མེད་དོ་སྣང་བྱུང་མ་སོང་། སྤྱིར་བཏང་མིང་གཉིས་ཡོད་ན་འོས་བསྡུ་ལས་ཁང་ལ་སྤྲད་ན་འགྲིག་གི་ཡོད་སྐོར་འདུག་མོད། ཁོང་གིས་དེ་འདྲ་གནང་མི་འདུག་”ཅེས་གསུངས་སོང་།

འོས་བསྡུའི་སྒྲིག་གཞི་དང་འགལ་བའི་སྐོར་གྱི་གནས་ཚུལ་གཞན་པ་ཡང་གླེང་སློང་ཡང་བྱུང་ཡོད་པ་དང་། ཁྱེད་ཚོས་གསལ་བསྒྲགས་ནང་དུ་འགལ་འཛོལ་ཇི་སྙེད་ཅིག་བྱུང་ཡོད་སྐོར་འདུག་པས། དེ་ཚོ་ཁྲིམས་གཏུག་མ་བྱས་པ་གང་ཡིན་སྐོར་དྲིས་པར། ཁོང་གིས། “ད་ལྟ་ང་ཚོས་དེབ་ལྗང་ཁུ་གཞིར་བཞག་ནས་བཤད་ཀྱི་ཡོད་པ་རེད། རྙོག་གླེང་དེ་འདྲ་མང་པོ་བྱུང་ཡོད་རེད་དེ། དེ་ང་ཚོས་འགན་མ་རེད། ང་ཚོས་ཡར་ཞུས་ཡོད་པ་རེད་དེ། ཡིན་ནའང་དེར་ཞིབ་འཇུག་དང་ལྟ་མཁན་དབུས་འོས་བསྡུ་ལས་ཁང་རེད་”ཅེས་དང་། “དབུས་འོས་བསྡུ་ལས་ཁང་གིས་ཧ་གོ་ཚར་པའི་རྗེས་ནས་ཁོང་ཚོས་ལག་ལེན་དགོས་རེད། ད་ཐེངས་ང་ཚོས་དཔྱ་ཁྲལ་ལག་དེབ་ཀྱི་མིང་ནོར་བ་སྒྲིག་གཞི་དང་ཁྲིམས་ཀྱི་ཐོག་མ་གཏོགས། ཕན་ཚུན་གཉིས་ཀྱི་སྐོར་མ་རེད་”ཅེས་དང་། ཁོང་གིས་དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཐོག་མིང་ནོར་ན་ཕྲུ་གུ་ཞིག་སློབ་གྲྭར་སྐྱེལ་རྒྱུ་ཡང་དཀའ་ངལ་ཡོད་སྐོར་འགྲེལ་བརྗོད་གནང་སོང་།།

འདི་གའི་གསར་འགོད་པས། སྲིད་སྐྱོང་བློ་བཟང་སེང་གེ་ལ་སྐུ་ཉིད་འོས་མིའི་ནང་བཞེངས་སྐབས་ཀྱི་མཚན་དང་། དྭང་བླངས་དཔྱ་ཁྲལ་ལག་དེབ་ཐོག་གི་མཚན་གཉིས་མ་འདྲ་ཆགས་འདུག་ཅེས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་པས། དེའི་ཐོག་རྩོད་ལེན་ག་འདྲ་དགོས་པ་རེད་ཅེས་དྲིས་པར། ཁོང་གིས། “དེ་ཁྲིམས་ཁང་ལ་བསྐྱལ་ཡོད་པས། ཁྲིམས་ཀྱི་འགྲོ་སྟངས་ལྟར་དེའི་ཐོག་བཀའ་མོལ་གནང་རྒྱུའི་ལུགས་སྲོལ་ཡོད་པ་མ་རེད། ངའི་མིང་བློ་བཟང་སེང་གེ་ཡིན་པ་ཆུང་ཆུང་སྐབས་ནས་ད་ལྟ་ལོ་༥༠ ཟིན་གྲབས་འདུག དེའི་བར་རྩོད་མེད་རེད། ད་ལྟ་དེའི་ཐོག་རྩོད་རྒྱུ་ཞིག་ཡོད་པ་རེད་བསམ་གྱི་མི་འདུག ཡིན་ཡང་ཁྲིམས་ཁང་ལ་སྐྱེལ་མཁན་གྱིས་བསྐྱལ་རེད། ཁྲིམས་ཐག་ཆད་ཡོང་གི་རེད་”ཅེས་ལན་འདེབས་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།