འོས་བསྡུའི་གྲུབ་འབྲས་ལ་བརྟེན་ནས་མི་མང་གིས་ངོ་རྒོལ་ཆེན་པོ་བྱས་འདུག
ཤར་ཡུ་རོབ་ཀྱི་རྒྱལ་ཁབ་བྷེ་ལ་རུའི་སྲིད་འཛིན་འོས་བསྡུར། ལོ་མང་རིང་ནས་དབང་འཛིན་བྱེད་མཁན་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་ཡོད་པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཐོན་སྟབས། མི་མང་ཚོས་ངོ་རྒོལ་ཆེན་པོ་བྱས་འདུག་པ་དང་། འོས་བསྡུའི་གྲུབ་འབྲས་དེ་རྫུན་བཟོ་ཡིན་པར་ངོས་འཛིན་བྱེད་བཞིན་འདུག
ཟླ་༨ པའི་ཚེས་༩ ཉིན་བྷེ་ལ་རུ་(Belarus)ནང་དུ་མི་མང་གིས་སྲིད་འཛིན་འོས་བསྡུར་མཉམ་ཞུགས་བྱས་འདུག་པ་དང་། ལས་ཁུར་སྲིད་འཛིན་(Alexander Lukashenko) ཡིས་ཕྱི་ལོ་༡༩༩༤ ལོ་ནས་སྲིད་དབང་བཟུང་ཡོད་འདུག་པ་དང་། ཐེངས་འདིར་ཡང་སྲིད་འཛིན་འོས་མི་ཡིན་འདུག ཁོང་ལ་མི་ཚོས་ཡུ་རོབ་ཀྱི་དབང་ཆ་གཅིག་སྡུད་རིང་ལུགས་པ་མཐའ་མ་ཞེས་མིང་བཏགས་ཡོད་འདུག
ཐེངས་འདིའི་སྲིད་འཛིན་འོས་བསྡུ་མ་སླེབས་པའི་སྔོན་ནས། ཕྱོགས་འགལ་ཚོགས་པ་གཙོ་བོ་ཁག་གི་འགོ་ཁྲིད་ཁག་ཅིག་བྲོས་བྱོལ་འགྲོ་དགོས་འཁེལ་ཡོད་འདུག་པ་དང་། ལས་ཁུར་སྲིད་འཛིན་ལ་ཁ་གཏད་གཅོག་མཁན་གཙོ་བོ་ལྕམ་(Tikhanovskaya) ཡི་ཁྱོ་ག་ཐོག་མར་འོས་མིར་ལངས་ཀྱང་། བཙོན་འཇུག་བྱས་རྐྱེན་ཁོ་མོ་འོས་མིར་ལངས་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་འདུག འོས་བསྡུའི་སྔོན་གྱི་ཉིན་མོ་དེར་བདེ་འཇགས་ལ་སེམས་འཚབ་ཀྱི་ཁོ་མོ་སྡོད་གནས་ནས་བྲོས་བྱོལ་གྱིས་ས་གནས་གཞན་དུ་ཡིབ་དགོས་འཁེལ་ཡོད་ཁར། མོའི་ལས་རོགས་ཁག་ཅིག་བཙོན་འཇུག་བྱས་ཡོད་འདུག ཟླ་༥ པ་ནས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་མགོ་འཛུགས་བྱས་འདུག་པ་དང་། དེ་ནས་ད་བར་གཞུང་ལ་ཁ་གཏད་བྱེད་མཁན་མི་མང་༢༠༠༠ ལས་མང་བ་བཀག་ཉར་བྱས་ཡོད་པས། ཟླ་༧ པའི་ནང་མི་མང་ཁྲི་ཕྲག་མང་པོ་རྒྱལ་སར་སླེབས་ནས་ངོ་རྒོལ་ལས་འགུལ་ཆེན་མོར་མཉམ་ཞུགས་བྱས་འདུག་པ་དང་། ངོ་རྒོལ་དེ་ནི་ལོ་ངོ་བཅུ་ཕྲག་གཅིག་ནང་ངོ་རྒོལ་ལས་འགུལ་ཆེ་ཤོས་ཆགས་ཀྱི་ཡོད་འདུག
ཚེས་༩ ཉིན་གྱི་དགོང་མོར་བྷེ་ལ་རུའི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་གྱིས་བརྙན་འཕྲིན་བརྒྱུད་ལམ་དུ། ལས་ཁུར་སྲིད་འཛིན་(Lukashenko)ལ། མངའ་ཁུལ་ལྔ་ནས་འོས་གྲངས་བརྒྱ་ཆ་༨༢ ལྷག་ཐོབ་ཡོད་སྐོར་བརྗོད་འདུག་པ་དང་། གཞུང་འབྲེལ་བརྒྱུད་ལམ་ཐོག་ཏུ་གཞུང་འབྲེལ་གྱི་སྔོན་འགྲོའི་གྲུབ་དོན་དུ་ཁོང་ལ་རྒྱལ་ཡོངས་ནས་འོས་གྲངས་བརྒྱ་ཆ་༨༠ ལྷག་ཐོབ་ཡོད་པ་དང་། ཁ་གཏད་གཙོ་བོ་ལྕམ་(Tikhanovskaya)ལ་བརྒྱ་ཆ་༧ ཙམ་ཐོབ་ཡོད་པ་བཏོན་པའི་གནས་ཚུལ་སྤེལ་འདུག་པས། ཁོང་གིས་འོས་འཕེན་པ་མང་ཆེ་བ་མོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་པོ་ཡིན་པས། འོས་བསྡུའི་གྲུབ་འབྲས་དེར་ངོས་ལེན་མེད་སྐོར་བརྗོད་འདུག
འོས་བསྡུ་ཉིན་མ་སླེབས་པའི་སྔོན་ནས། ཁ་གཏད་པ་མང་པོ་ཞིག་གིས་འོས་བསྡུ་དེ་དྲང་བདེན་ཞིག་འབྱུང་རྒྱུ་མིན་པའི་ཉེན་བརྡ་ཐེངས་མང་བཏང་ཡོད་འདུག འོས་བསྡུའི་གྲུབ་འབྲས་སྔོན་འགྲོ་དེའི་གནས་ཚུལ་ཐོན་སྐབས། རྒྱལ་ས་དང་གྲོང་ཁྱེར་ཁག་ཅིག་ཏུ་མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་འདུག་པས། ཉེན་རྟོག་པ་དང་གདོང་ཐུག་གིས་མང་པོ་ཞིག་འཛིན་བཟུང་བྱས་ཡོད་འདུག
འཇར་མན་དང་ཧྤ་རན་སི། པོ་ལན་ཌ་བཅས་ཀྱི་ཕྱི་འབྲེལ་ལས་ཁང་ཁག་གིས། སེམས་འཚབ་ཆེན་པོའི་ཐོག་ནས་འོས་བསྡུར་དོ་སྣང་བྱེད་ཀྱི་ཡོད་པ་དང་། བྷེ་ལ་རུའི་འོས་བསྡུར་ཡུ་རོབ་མཐུན་ཚོགས་ལ་རྟོག་ཞིབ་པ་བྱེད་པའི་ཆོག་མཆན་སྤྲད་མེད་སྐོར་བརྗོད་འདུག འོས་བསྡུའི་སྐབས་སུ་རང་དབང་ཅན་གྱི་རྟོག་ཞིབ་པ་ཁག་ཅིག་ལ་ཡང་ལས་དོན་སྤེལ་དུ་བཅུག་མེད་འདུག
ལས་ཁུར་སྲིད་འཛིན་ལ་མི་མང་ཚོས་ངོ་རྒོལ་བྱེད་དོན་གཞན་ཞིག་ནི། ཁོང་གི་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་བཀག་འགོག་ལས་གཞི་ཚགས་ཚུད་བྱུང་མེད་པ་རེད་འདུག རྒྱལ་ཁབ་དེར་མི་འབོར་ས་ཡ་༩.༥ ཡོད་པའི་ཁོངས་ནས། ནད་པ་གྲངས་ཁྲི་བདུན་ལྷག་བྱུང་འདུག་པ་དང་། མི་གྲངས་༦༠༠ ཡི་ཚེ་སྲོག་ཤོར་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།