འོས་བསྡུའི་དུས་ཚེས་གྲོས་བསྡུར་བྱེད་བཞིན་པ་ལས་ཕྱིར་བསྒྲགས་ད་དུང་བྱས་མེད་ཅེས་འོས་བསྡུ་འགན་འཛིན་གྱིས་གསུངས་སོང་།
འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལ་༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐོར་ལ་བཅར་འདྲི།
དྲི་བ། བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་བསླེབས་ལ་ཉེ་བ་དང་། རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་འོས་བསྡུའི་དུས་ཚེས་ད་དུང་གཏན་ཁེལ་ཐུབ་མེད་པས། འོས་བསྡུའི་ལས་ཁང་ནས་འོས་བསྡུ་དུས་ཐོག་བྱེད་ཐུབ་རྒྱུར་གྲ་སྒྲིག་འཆར་གཞི་ག་འདྲ་ཡོད།
ལན། ༢༠༢༠ ལོའི་ཕྱི་ཟླ་༨ ཚེས་༥ ཉིན་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཆེན་མོ་འགོ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་ཟིན་པ་ལྟར། ཉིན་དེ་ནས་འོས་བསྡུའི་ནང་ལངས་མཁན་ཚང་མས་འོས་བསྡུ་དང་འབྲེལ་བའི་ཁྱབ་བསྒྲགས་བྱས་ཆོག་པ་རེད། འོས་འཕེན་ཆོག་པའི་དེབ་སྐྱེལ་ཕྱི་ཟླ་༩ ཚེས་༡ ནས་འགོ་བཙུགས་ཡོད་རེད། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་བྱས་ཏེ་ཐོབ་ཁོངས་གསར་སྣོན་བྱས་ཡོད་པས། སྔོན་མ་དང་མ་འདྲ་བར་བསྐྱར་དུ་ཚང་མས་དེབ་སྐྱེལ་དགོས་རེད། ཕྱི་ཟླ་༡༠ ཚེས་༡༦ ནས་༣༠ བར་མིང་གཞུང་དེབ་སྐྱེལ་གྱི་རྩོད་རྙོག་བྱུང་བ་གསལ་པོ་མ་ཆགས་པའི་རིགས་གསལ་པོ་བཟོ་རྒྱུའི་དུས་ཚོད་རེད། ཕྱི་ཟླ་༡༠ ཚེས་༣༠ གཏན་འབེབས་བྱས་ཏེ། དབུས་འོས་བསྡུས་ལས་ཁང་ལ་སྐྱེལ་དགོས་རེད། འོས་བསྡུའི་དུས་ཚེས་གྲོས་བསྡུར་བྱེད་བཞིན་པ་ལས་ཕྱིར་བསྒྲགས་ད་དུང་བྱས་མེད། ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་དཀའ་ངལ་ཆེན་པོ་རེད། འཛམ་གླིང་ནང་སྔོན་འགོག་གི་སྨན་ཁབ་མགྱོགས་པོ་བྱུང་ཐུབ་པའི་རེ་བ་རྒྱག་གི་ཡོད་རེད་ལ། དེ་འདྲ་བྱུང་ན་འོས་བསྡུར་འགལ་རྐྱེན་ཡོང་གི་མ་རེད། ང་ཚོའི་འོས་བསྡུའི་ཁྱབ་ཁོངས་དེ་རྒྱལ་ཁབ་༤༠ ཙམ་འདུག མང་ཆེ་བའི་ནང་འགལ་རྐྱེན་འཕྲད་ས་མ་རེད་བསམ་གྱི་འདུག གལ་སྲིད་དཀའ་ངལ་འཕྲད་ན་སྐབས་དེར་བཅའ་ཁྲིམས་དང་སྒྲིག་གཞི་ནང་ལྟར་ག་རེ་བྱེད་དགོས་མིན་ལྟ་རྒྱུ་རེད།
དྲི་བ། འོས་བསྡུའི་མིང་ཐོ་དེབ་སྐྱེལ་བྱེད་རྒྱུ་རག་མ་སོང་ཞེས་སྔོན་མ་ནས་དཀའ་ངལ་བཤད་ཀྱི་ཡོད་རེད། ད་ལོ་དམིགས་བསལ་རྙིང་པ་ཚང་མས་དེབ་སྐྱེལ་བྱེད་དགོས་པས། ཟླ་བ་གཅིག་དང་ཕྱེད་རིང་དེབ་སྐྱེལ་བྱེད་མ་ཐུབ་པ་ཡོང་ཉེན་འདུག དུས་ཚོད་ཐུང་དྲགས་པའི་བསམ་ཚུལ་ཡོད་པས། ཕྱི་ཟླ་༡༠ ཚེས་༡༥ མཚམས་འཇོག་གཏན་ཁེལ་རེད་དམ།
ལན། མིང་ཐོ་དེབ་སྐྱེལ་གྱི་དུས་ཚོད་ཉིན་༤༥ བཞག་ཡོད། རྒྱ་བལ་འབྲུག་གསུམ་ནང་སྒྲིག་འཛུགས་ཆ་ཚང་ཡོད་པས་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་མི་འདུག ཕྱི་རྒྱལ་ཁག་ལ་ས་གནས་འོས་བསྡུ་ཚོགས་ཆུང་གཅིག་གི་འོག་རྒྱལ་ཁབ་གསུམ་བཞི་ཡོད་ས་ཡོད་པས། དེ་ཚོར་དཀའ་ངལ་འཕྲད་མིན་ལ་རྟོག་ཞིབ་བྱས་དུས། དུས་བཀག་ནང་ཚར་ཐུབ་པའི་རེ་བ་འདུག འོས་བསྡུའི་དེབ་སྐྱེལ་དགོས་པ་སྔོན་མ་ནས་འཆར་གཞི་ཡོད་རེད་མོད། ཏོག་དབྱིབས་ན་ཚའི་རྐྱེན་གྱིས་འཛམ་གླིང་ལ་དཀའ་ངལ་འཕྲད་བསྡད་ཡོད་པས། འགོ་འཛུགས་མ་ཐུབ་པ་རེད། ཕྱོགས་གཅིག་ནས་ཉིན་༤༥ དུས་ཚོད་ཐུང་ཐུང་མ་རེད་ལ། དེའི་ནང་ཚར་དགོས་པའི་ས་གནས་འོས་བསྡུ་ཚོགས་ཆུང་ཚང་མར་ཟབ་སྦྱོང་སྤྲད་ཡོད།
དྲི་བ། ཕྱི་རྒྱལ་ཁག་ལ་དཀའ་ངལ་ཡོད་རེད། རྒྱ་གར་གྱི་གྲོང་ཁྱེར་ཁག་ནང་སྡོད་མཁན་ཚོ་ཡང་ཉིན་༤༥ ནང་དེབ་སྐྱེལ་བྱེད་སར་བསླེབས་མ་ཐུབ་པ་ཡོང་གི་རེད། དྷ་ས་ཡིན་ན་འོས་བསྡུ་ཚོགས་ཆུང་ས་གནས་སུ་སྐོར་བསྐྱོད་ལ་འགྲོ་འཆར་འདུག ས་གནས་དེར་བསླེབས་མ་ཐུབ་ན། ས་གནས་ཀྱི་འོས་བསྡུ་ལས་ཁང་ཉིན་ ༤༥ ཡི་རིང་ག་དུས་ཡིན་ནའང་སྒོ་ཕྱེ་ཡོད་རེད་དམ།
ལན། དབུས་འོས་བསྡུ་ལས་ཁང་ནས་ཉིན་༤༥ སྤྲད་ཡོད་རེད། དྷ་རམ་ས་ལ་ལྟ་བུ་ཡིན་ན་ས་གནས་སུ་སྐོར་བསྐྱོད་ལ་འགྲོ་རྒྱུའི་འཆར་གཞི་བསྒྲིགས་འདུག གཞུང་གིས་ཅིག་གསུང་གི་འདུག་བསམ་པ་གཅིག་པུ་མ་ཡིན་པར། རྒྱལ་ཁབ་ཅིག་གི་ཆབ་འབངས་ཡིན། ཆབ་འབངས་ཀྱི་ལས་འགན་ཡིན་བསམ་ན་དོན་དོན་ག་རེ་ཡིན་ནའང་མ་འགྲུབ་པ་ཡོད་མ་རེད། ང་ཚོས་ཕྲན་བུ་ལྷོད་གཡེང་བྱས་ནས་དཀའ་ངལ་འཕྲད་ཀྱི་ཡོད་རེད། གལ་སྲིད་ཕྱི་ཟླ་༡༠ ཚེས་༡༥ བར་མ་ཚར་ན། ཕྱི་ཟླ་༡༠ པའི་ཚེས་༡༦ ནས་༣༠ བར་ཆད་ལྷག་ཡོད་མེད་ཀྱི་དུས་ཚོད་བཞག་ཡོད་རེད། ཚང་མས་དུས་ཚོད་དམ་འཛིན་བྱས་ནས་འོས་བསྡུའི་དེབ་སྐྱེལ་བྱེད་དགོས་པ་དང་། འོས་བསྡུའི་སྔོན་འགྲོ་དངོས་གཞིའི་ཚང་མར་འོས་འཕེན་དགོས་པ་གལ་ཆེན་པོ་རེད།
དྲི་བ། ལོ་༡༨ ཧྲིལ་པོ་ཟིན་ན་འོས་འཕེན་ཆོག་ཟེར་གྱི་ཡོད་པས། འོས་བསྡུའི་དེབ་སྐྱེལ་དུས་བཀག་ནང་ལོ་༡༨ ཧྲིལ་པོ་མ་ཟིན་པ་དང་། དེབ་སྐྱེལ་དུས་བཀག་རྗེས་ལོ་༡༨ ཧྲིལ་པོ་ཟིན་མཁན་དང་། འོས་འཕེན་དུས་ཚོད་སྐབས་ལོ་༡༨ ཧྲིལ་པོ་ཟིན་གྱི་ཡོད་ན་ག་འདྲ་བྱེད་ཀྱི་རེད།
ལན། སྔོན་མ་སྒྲིག་གཞིའི་ནང་ལོ་༡༨ ལོན་པ་འཁོད་ཡོད་པ་དང་། སྒྲིག་གཞི་བསྐྱར་བཅོས་སྐབས་ལོ་༡༨ ཧྲིལ་པོ་ལོན་པ་ཞེས་ཁ་གསལ་པོ་བཟོས་ཡོད་རེད། དེ་ལ་དུས་ཚོད་བཟོས་ཡོད་རེད། ཕྱི་ཟླ་༡༠ ཚེས་༣༡ སྔོན་ལ་ལོ་༡༨ ཧྲིལ་པོ་ཟིན་དགོས་ཀྱི་རེད། དུས་བཀག་དགོས་པ་གནད་འགག་ཡོད་རེད། ཡིན་ནའང་འོས་བསྡུ་དེའི་རྗེས་ཡིན་པས། ཕྱི་ཟླ་༡༠ ཚེས་༣༡ ནས་སྔོན་འགྲོའི་འོས་བསྡུ་བར་དུས་ཚོད་ཡོད་པ་རེད། དེ་ལ་སྒྲིག་གཞིའི་ནང་ཆ་རྐྱེན་ཡོད་པས་དེ་ལུགས་ཀྱིས་སྐབས་དེར་བཀོད་འདོམས་བྱེད་རྒྱུ་ཡིན།
དྲིས་བ། འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་པའི་ནང་གསེས་༡༠ པར་“སློབ་གྲྭ་ཁག་ཏུ་གཞུང་འབྲེལ་ཕུད་དེ་མིན་འོས་མི་དང་སྐྱེ་བོ་སུ་ཐད་བཅས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་དང་། གཏམ་བཤད། ཡིག་ཆ་འགྲེམ་སྤེལ་བཅས་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་མི་ཆོག་”ཅེས་གསལ་ཡོད་པས། གཞི་རིམ་སློབ་གྲྭ་ཁག་ནང་དགེ་རྒན་ལས་བྱེད་ཡོད་རེད་ལ། མཐོ་རིམ་སློབ་གྲྭ་ཁག་ནང་ལོ་ཚོད་༡༨ ལོན་ཟིན་པ་རྐྱང་རྐྱང་རེད། སྔོན་མ་ཡིན་ན་མཐོ་སློབ་ཁག་ནང་འོས་བསྡུའི་དྲིལ་བསྒྲགས་བྱེད་དུ་འགྲོ་ཡི་ཡོད་རེད། ད་ལོ་མཐོ་སློབ་ཁག་ཏུ་ཡང་འགྲོ་ཆོག་གི་མ་རེད་དམ།
ལན། སྒྲིག་གཞིའི་ངོ་གདོང་ལ་བལྟས་ན་ཤེས་ཡོན་ལྟེ་གནས་ཁག་ཏུ་ཆབ་སྲིད་ཀྱི་དྲི་མ་མ་འགོས་ན་བསམ་ཡིན་གྱི་རེད། འོས་བསྡུའི་དུས་ཚོད་ནང་ཁྱབ་བསྒྲགས་ཆེད་དུ་མཐོ་སློབ་ཁག་ཏུ་ཡང་འགྲོ་ཆོག་གི་མ་རེད།
དྲི་བ། འོས་བསྡུ་ལས་ཁང་ནས་འོས་བསྡུ་འགོ་འཛུགས་ཀྱི་ཁྱབ་བསྒྲགས་མ་བྱས་སྔོན་འོས་མིས་དྲིལ་བསྒྲགས་མི་ཆོག་སྐོར་གསལ་བསྒྲགས་གནང་སོང་། འོས་བསྡུ་ཚོགས་ཆུང་ཁག་གི་ལས་དོན་བྱེད་ཕྱོགས་ལས། འོས་མི་སོ་སོས་ཁྱབ་བསྒྲགས་ག་དུས་བྱས་བྱས་མ་རེད་དམ། དེ་ག་འདྲ་ངོས་འཛིན་དགོས་རེད།
ལན། འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་པའི་ནང་གསེས་༩ པར་“སྲིད་སྐྱོང་དང། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ལམ་སྟོན་བྱས་པ་བཞིན་ལག་བསྟར་བྱེད་དགོས་”ཞེས་གསལ་ཡོད་རེད། དབུས་འོས་བསྡུ་ལས་ཁང་ནས་ལམ་སྟོན་ག་འདྲ་བྱས་ན་དེ་འདྲ་བྱེད་དགོས་པའི་དོན་རེད། དབུས་འོས་བསྡུ་ལས་ཁང་ནས་ལམ་སྟོན་ཕྱི་ཟླ་༨ ཚེས་༥ ཉིན་དོན་ཚན་༡༢ བཀྲམ་ཡོད་རེད། དེའི་སྔོན་བྱེད་མ་སྲིད་པ་རེད་དེ། བར་དེར་ཕར་ཚུར་འདྲ་མིན་གསུང་གི་འདུག་སྟེ། སྒྲིག་གཞི་དོན་ཚན་ཉེར་བཞི་པའི་ནང་གསེས་༩ ལྟར་གསལ་པོ་རེད། དེ་ལ་དོགས་པ་སྐྱེས་དགོས་མ་རེད།
དྲི་བ། དེ་ན་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤྱིར་བཏང་མིས་ཁྱབ་བསྒྲགས་བྱས་པ་ཙམ་མིན་པར། ཕྱི་ཟླ་༣ པའི་ནང་ནས་དོ་བདག་སོ་སོས་སྲིད་སྐྱོང་ལ་བཞེངས་རྒྱུ་ཡིན་པ་བསྒྲགས་མཁན་བྱུང་ཡོད་པས། དེ་ལ་འོས་བསྡུ་ལས་ཁང་ནས་ག་རེ་གནང་གི་རེད།
ལན། དེ་ཚོ་དངོས་གནས་བྱུང་བ་ཡིན་ན། སྒྲིག་གཞི་དོན་ཚན་འདི་དང་འགྲིག་ཡོད་མ་རེད། དེའི་ཐོག་ཞིབ་འཇུག་བྱེད་ཀྱི་རེད་མ་གཏོགས། མིས་ཅིག་ལབ་པ་དང་འོས་བསྡུ་ལས་ཁང་ལམ་སེང་མཆོང་རྒྱུའི་གནས་སྟངས་དེ་འདྲ་མ་རེད། ཁོ་རང་ཞིབ་འཇུག་བྱེད་སྟངས་ཡོད་རེད། ཞིབ་འཇུག་བྱས་ནས་དངོས་སུ་ར་འཕྲོད་པ་ཡོད་ན་ང་ཚོས་ལག་བསྟར་བྱེད་ཀྱི་རེད།
དྲི་མ། མཐའ་མ་དེར་མི་མང་གིས་འོས་བསྡུའི་སྐབས་གལ་ཆེ་ཤོས་ག་རེ་གནང་དགོས་རེད།
ལན། ༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་གྱིས་བོད་འབངས་ཡོངས་ལ་མང་གཙོའི་གསོལ་རེས་གནང་ཡོད་རེད། བོད་མི་ཚང་མར་བཅའ་ཁྲིམས་གཞི་ལ་བཞག་ནས་མང་གཙོའི་ཐོབ་ཐང་དང་འགན་དབང་ཡོད་རེད། དེ་ཆ་ཚང་གཟིགས་ནས་ཡ་རབས་བཟང་སྤྱོད་ཐོག་ནས་ཕེབས་དགོས་པ་གལ་ཆེན་པོ་རེད། སྲིད་སྐྱོང་དང་སྤྱི་འཐུས་ཚང་མ་སོ་སོའི་ཕྱག་ལ་ཡོད་པས། འོས་བསྡུའི་མིང་ཐོ་དེབ་སྐྱེལ་གལ་ཆེ་ཤོས་དང་། འོས་བསྡུའི་སྔོན་འགྲོ་དངོས་གཞི་གཉིས་ཀའི་ནང་ཞུགས་ཐུབ་རྒྱུ་གལ་ཆེན་པོ་རེད། འོས་བསྡུ་ལས་ཁང་གི་འབོད་སྒྲ་དེ་“ང་ཚོའི་འོས་དེ་ང་ཚོའི་མ་འོངས་”རེད། མ་འོངས་ཡག་པོ་དགོས་པས་འོས་བསྡུ་ལ་གཞོགས་འདེགས་བྱེད་རྒྱུ་གལ་ཆེན་པོ་རེད།། འོས་བསྡུའི་སྒྲིག་གཞིའི་དྲ་ཐག
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་བཅར་འདྲི་བྱས།༢༠༢༠།༩།༡