འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་གཞག་བྱས་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་འོས་བསྡུ་ཆེན་མོའི་སྐབས་སུ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་གཞག་དགོས་པ་ལྟར། དེ་རིང་ཕྱི་ལོ་༢༠༢༠ ཟླ་༧ ཚེས་༢༨ ཉིན་གྱི་ཕྱི་དྲོ་འདེམས་སྒྲུག་ཚོགས་ཆུང་ནས་འོས་གཞི་མི་གྲངས་བཞི་ཕུལ་བ་ནས། ས་ར་མཐོ་སློབ་ཀྱི་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་དང་། བཙུན་དགོན་སྒྲོལ་མ་གླིང་གི་དགེ་བཤེས་མ་བདེ་ལེགས་དབང་མོ་གཉིས་སྤྱི་འཐུས་རྒྱུན་ལས་ཀྱིས་སྤྱི་མོས་བསྐོ་གཞག་གནང་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གོ་བདུན་པའི་ནང་གསེས་༢ པའི་ཀ་པ། སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་ལ་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཞེས་སོགས་དང་། དོན་ཚན་དེའི་ནང་གསེས་ཁ་པ། གལ་ཏེ་དབུས་འོས་བསྡུའི་འགན་འཛིན་ལས་འཕར་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས། ཞེས་གསལ་བ་ལྟར། འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི། བཀའ་ཟུར་རིན་ཆེན་མཁའ་འགྲོ་དང་། དབུས་འོས་བསྡུའི་འགན་འཛིན་ཟུར་པ་ཤོ་ཟུར་བསོད་ནམས་ཆོས་འཕེལ། འོས་བསྡུའི་འགན་འཛིན་ལས་འཕར་ཟུར་པ་དགེ་བཤེས་བསྟན་པ་བཀྲ་ཤིས་བཅས་ལས་གྲུབ་པའི་ཚོགས་ཆུང་གིས། འོས་གཞིར་ཕ་ཡུལ་ལི་ཐང་ནས་ཡིན་པ་དགེ་བཤེས་མ་བདེ་ལེགས་དབང་མོ་དང་། ཕ་ཡུལ་སྒ་པ་ནས་ཡིན་པ་བསྟན་འཛིན་དོན་ཡོད། ཕ་ཡུལ་ཨ་མདོ་ཁྲི་ཀ་ཡིན་པའི་སློབ་དཔོན་བསོད་ནམས་རྒྱལ་མཚན་དང་། ཕ་ཡུལ་ཨ་མདོ་སྣང་ར་ནས་ཡིན་པ་སྨན་རམས་པ་ཆོས་ལོ་ཐར་བཅས་ཡོད་པའི་ནང་ནས། དགེ་བཤེས་མ་བདེ་ལེགས་དབང་མོ་དང་། སློབ་དཔོན་བསོད་ནམས་རྒྱལ་མཚན་གཉིས་ལ་སྤྱི་འཐུས་རྒྱུན་ལས་བཅུ་གཅིག་ཚང་མས་སྤྱི་མོས་ཀྱི་ཐོག་ནས་བསྐོ་གཞག་གནང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།