འོས་བསྡུའི་རྗེས་ལ་གནས་ཚུལ་གསལ་པོ་ཆགས་ཡོང་གི་རེད།
ཟླ་འདིའི་ཚེས་༡༦ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསར་འགོད་པ་རྣམ་བསྐོངས་ནས་གནད་དོན་ཁག་མང་པོ་ཞིག་གི་ཐོག་ལ་ལན་འདེབས་གསལ་བཤད་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་འོས་བསྡུའི་བརྒྱུད་རིམ་ནང་གཅིག་གིས་གཅིག་ལ་སྐྱོན་འཛུགས་བྱེད་པའི་གནད་དོན་མང་པོ་ཞིག་བྱུང་བསྡད་ཡོད་པ་དང། སྐད་འཕྲིན་ཚོགས་པ་མང་པོ་ཞིག་ཡོད་པས། དེ་དག་ནང་ཕན་ཚུན་སྡིག་ར་སྐུལ་རེས་བྱེད་པ། དེ་བཞིན་ཉེ་ཆར་ཨུ་རུ་སུར་ཁོང་གི་རྒྱབ་སྐྱོར་བ་ཞིག་ལ་བརྡུངས་པའི་གནས་ཚུལ་བྱུང་ཡོད་པས། འོས་སུ་ལ་བླུགས་མིན་དེ་སྒེར་གྱི་རང་དབང་ཡིན་པས་གནོན་ཤུགས་སྤྲད་པ་སོགས་བྱེད་མི་རུང་བ་ཡིན་པ། དེ་བཞིན་འོས་བསྡུ་གྲུབ་པའི་རྗེས་སུ་སྐད་འཕྲིན་ཚོགས་པ་མང་པོ་དེ་ཚོ་སྒོ་བརྒྱབ་ན་ཡག་པོ་ཡོད་པ་ལས། མུ་མཐུད་ཕན་ཚུན་སྐྱོན་བརྗོད་དང་གནོད་པ་སྐྱེལ་རེས་བྱས་ནས་བསྡད་ན་ཕྱོགས་ཕན་ཚུན་གཉིས་ཀ་ལ་ཕན་རྒྱུ་མེད་པས། ནུས་པ་མཉམ་སྤུང་བྱེད་དགོས་པ་གལ་ཆེ་ཡིན་སྐོར་གསུངས་སོང།
གནད་དོན་དང་པོར་དུས་འཁོར་དབང་ཆེན་ཕྱིར་འགྱངས་དང་འབྲེལ་ནས་བརྗོད་དོན། དེ་སྔོན་ཁོང་གིས་དུས་དབང་ཕྱིར་འགྱངས་ཀྱི་རྒྱུ་མཚན་བཤད་པ་དེར་བཀའ་ཤག་གིས་ཕྱི་ལོ་༢༠༡༦ ལོའི་ཟླ་༢ པའི་ཚེས་༩ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། སྲིད་སྐྱོང་འོས་མི་ཞིག་དང་སྤྱི་འཐུས་ཚོགས་གཙོ་ཞིག་ནག་པོ་བཟོ་ཐབས་བྱས་པ་དེར་ཁོང་གིས་བཀའ་ཤག་ལ། གསལ་བཤད་དང་དྲི་བ་ཁ་ཤས་ཡོད་པའི་ཡི་གེ་སྐུར་ཡོད་སྐོར་སོགས་དེ་སྔོན་ནས་འགྲེལ་བརྗོད་བྱས་བསྡད་པ་རྣམས་བཤད་སོང། དེ་སྔོན་དང་མི་འདྲ་བའི་གནད་དོན་གསར་པ་ཁ་ཤས་ནི་བཀའ་ཤག་གིས་གཞུང་འབྲེལ་གྱིས་གསར་འགོད་གསལ་བསྒྲགས་གནང་བའི་གནད་དོན་དེ་འོས་བསྡུ་ལས་ཁང་ལ་གཏུགས་རྩིས་དང་དེ་མ་འགྲིག་ན། ཁྲིམས་ཞིབ་ལྷན་ཁང་ལ་གཏུགས་རྩིས་བྱས་ཀྱང། མཐའ་མར་འོས་བསྡུའི་ལས་རིམ་ལ་དོ་ཕོག་མི་འགྲོ་བ་དང་སྤྱི་ཚོགས་ནང་འཁྲུག་མི་ཐེབས་པའི་ཆེད་དུ་གནད་དོན་དེ་མདུན་བསྐྱོད་བྱས་མེད་པ། དེ་བཞིན་སྲིད་སྐྱོང་ལས་ཐོག་གིས་གསར་འགོད་གསལ་བསྒྲགས་དེའི་སྐབས་སུ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཞིག་མཉམ་ཞུགས་ཡོང་ཐབས་བྱས་ཡོད་ཀྱང་དེ་ལྟར་བྱུང་མེད་པ། དེ་སྔོན་ཚོགས་པ་ཞིག་གི་བརྟན་བཞུགས་དུས་དབང་ལ་མ་བཞག་པས་རྐྱེན་གྱིས་༧གོང་ས་མཆོག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆབ་སྲིད་ཆགས་ཀྱི་ཡོད་སྐོར་བརྗོད་ནས་ཐུགས་ཁྲོ་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པས། ཚོགས་པ་དེ་ནི་དྷ་ས་རྟེན་གཞི་བྱས་པའི་མདོ་སྟོད་ཆོལ་ཁ་ཟེར་བ་དེ་ཡིན་པ་དང། བཀའ་ཤག་ནས་ཚོགས་པ་དེའི་བརྟན་བཞུགས་མེད་པར་བོད་གཞིས་བྱེས་གཉིས་ཀྱི་བརྟན་བཞུགས་ཞེས་པ་ཞིག་ཕུལ་རྒྱུ་ཡིན་སྐོར་༧གོང་ས་མཆོག་ལ་སྙན་གསེང་ཞུས་ཡོད་སྐོར་སོགས་གསལ་བཤད་བྱས་སོང། གསར་འགོད་པ་ཞིག་གི་དྲི་བའི་ལན་དུ། དུས་དབང་ཕྱིར་འགྱངས་ཀྱི་གནས་ཚུལ་དང་འབྲེལ་ནས་”གནས་ཚུལ་ངོ་མ་དེ་ཟླ་༣ པའི་ཚེས་༢༠ རྗེས་ལ་མ་གཏོགས་ད་ལྟ་བར་དུ་དགའ་ལྡན་ཕོ་བྲང་ནས་དེ་ལ་གསལ་བཤད་བྱེད་པའི་དགོངས་པ་མེད་པ་རེད་འདུག གང་ཡིན་ཟེར་ན་དེ་ག་འདྲ་ཞིག་གསུངས་པ་ཡིན་ནས་འོས་བསྡུའི་ལས་རིམ་ལ་དོ་ཕོག་འགྲོ་ཡི་རེད། འོས་བསྡུའི་རྗེས་ལ་གནས་ཚུལ་གསལ་པོ་ཆགས་ཡོང་གི་རེད། དེ་གསལ་པོ་མ་ཆགས་རང་ཆགས་རེད། དེ་ལོ་རྒྱུས་ཀྱི་གནས་སྟངས་ཤིག་རེད།”ཅེས་དང་དེ་བཞིན་ཁོང་གིས་ཨ་རི་མེ་ནི་སོ་ཊ་ལ་བཤད་པའི་སྐད་ཆ་དེ་བདེན་པ་མ་རེད་ཅེས་བཀའ་ཤག་དང་དགའ་ལྡན་ཕོ་བྲང་གིས་གསུངས་མེད་སྐོར་ལན་འདེབས་གནང་སོང།
གནད་དོན་གཉིས་པ་ལ་བཀའ་ཤག་གི་གསར་འགོད་གསལ་བསྒྲགས་ནང་སྲིད་སྐྱོང་འོས་མི་ཞིག་གིས་འགན་མ་ཁུར་བའི་ཐོག་ནས་སྐུ་ཚབ་དོན་གཅོད་ཁག་ལ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་ཕྱིར་བསྡུའི་ཐད་འགྲེལ་བརྗོད་ལོག་པ་གནང་ཡོད་སྐོར་བཀོད་ཡོད་པ་དང་འབྲེལ་ནས་གསུང་དོན། ཁོང་གིས་མང་ཚོགས་ནང་ལ་སྔོན་ནས་ཁྱབ་ཚར་བའི་གནད་དོན་ཞིག་གི་སྐོར་ལ་བཤད་པ་ལས་བོད་མིའི་སྒྲིག་འཛུགས་ཀྱི་གསང་བ་ཞིག་ཕྱི་ལ་གྱར་བ་བྱས་མེད་ཀྱང། བཀའ་ཤག་གིས་ཁོང་གི་ཀུན་སློང་དང་ཀུན་སྤྱོད་ཉེས་འཛུགས་བྱས་ཡོད་པས། བཀའ་ཤག་ལ་དེའི་སྐོར་ཡི་གེ་བྲིས་ཡོད་པས། བཀའ་ཤག་ནསཁོང་ལ་སྐྱོན་འཛུགས་བྱས་མེད་སྐོར་ལན་འདེབས་བྱས་ཡོད་པ་འགྲེལ་བརྗོད་གནང་སོང།
གནད་དོན་གསུམ་པར་སྲིད་སྐྱོང་ལས་ཐོག་གིས་གྲོས་ཚོགས་ནས་བཀའ་ཤག་ལ་སྔོན་རྩིས་བཀའ་ཁྲོལ་བརྒྱ་ཆ་དགུ་བཅུ་གོ་དགུ་གནང་གི་ཡོད་སྐོར་བརྗོད་ཡོད་པ་དང་འབྲེལ་ནས་གསུང་དོན། གྲོས་ཚོགས་ནས་བཀའ་ཤག་ལ་སྔོན་རྩིས་བཀའ་ཁྲོལ་གནང་བ་དེ་ནི་འགྲོ་སྟངས་འགྲོ་ལུགས་ཤིག་ཡིན་པ་ལས། དེ་ལ་བརྟེན་ནས་གནད་དོན་གཞན་ཞིག་ལ་འགྱུར་བ་འགྲོ་རྒྱུ་མེད་པ། དེ་བཞིན་སྲིད་སྐྱོང་མཆོག་ནས་ལས་བྱེད་ཀྱི་གླ་ཆ་བརྒྱ་ཆ་༥༠ སྤར་ཐབས་བྱེད་རྒྱུ་ཡིན་ཞེས་པ་དང་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ཁོང་སུ་ཆག་ཡང་མང་པོ་ཞིག་བཏང་ཡོད་པ་དེ་དག་ནི་གྲོས་ཚོགས་ནས་བཀའ་ཁྲོལ་ཐོབ་མེད་པས། དེ་ནི་སྔོན་རྩིས་ཀྱི་སྒྲིག་གཞི་དང་འགལ་བ་ཡིན་སྐོར་འགྲེལ་བརྗོད་བྱས་སོང།
གནད་དོན་གསུམཔར་སྲིད་སྐྱོང་ལས་ཐོག་གིས་ཚོགས་གཙོའི་ཉམས་མྱོང་བསགས་ཡུལ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་སྒོ་བརྒྱབ་པ་རེད་ཟེར་བ་དེ་དང་འབྲེལ་ནས་གསུང་དོན་ལ། དེ་སྔོན་ཉམས་ཞིབ་ཁང་གི་དངུལ་དེ་ཕྱི་རྒྱལ་རོགས་ཚོགས་ཀྱི་རོགས་དངུལ་ལ་བརྟེན་ནས་འགྲོ་ཡི་ཡོད་པ། རྗེས་ལ་ལས་ཁུངས་དང་ལས་བྱེད་ཀྱི་གླ་ཕོག་ལ་རོགས་དངུལ་མེད་པ་ཆགས་ནས་དེ་སྒོ་བརྒྱབ་དགོས་པ་བྱུང་ཡོད་པས། གནད་དོན་མང་པོ་ཞིག་གི་རྐྱེན་པས་གྲོས་ཚོགས་ནས་ལས་ཁུངས་དེ་ཉིད་མུ་མཐུད་ཉར་ཐབས་བྲལ་བ་ཆགས་པ་རེད་མ་གཏོགས་གྲོས་ཚོགས་ཀྱིས་འགན་མ་ཁུར་བ་མིན་སྐོར་འགྲེལ་བརྗོད་བྱས་སོང།
གནད་དོན་ལྔ་པར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེ་འཚོགས་ཐུབ་མིན་གྱི་བཅར་འདྲི་ཞིག་ལ་སྲིད་སྐྱོང་གིས་དེ་སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་རེད། ཁོང་གིས་གནོན་ཤུགས་དང་འགོག་རྐྱེན་གང་ཡང་སྤྲད་མེད་ཟེར་བ་དང་འབྲེལ་ནས་གསུང་དོན། ཚོགས་འདུ་དེ་གོ་སྒྲིག་བྱེད་པར་ཕྱི་ལོ་༢༠༡༤ ཡི་ཕྱི་ཟླ་༤ པ་༥ པ་ནས་གོ་བསྡུར་བྱས་ཡོད་པ་དང། ཚེས་གྲངས་ཀྱང་གཏན་འཁེལ་བྱུང་ཡོད་ཀྱང། སྲིད་སྐྱོང་གིས་ཚེས་གྲངས་ཐེངས་ཁ་ཤས་བརྗེ་བོ་བརྒྱབ་པའི་རེ་སྐུལ་བྱས་ནས་། མཐའ་མར་ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༡༢ པའི་ཚེས་༢༨ ཉིན་སྤྱི་འཐུས་རྒྱུན་ལས་ཀྱིས་ཚོགས་འདུ་དེ་དུས་ཡུན་ཐུང་ཐུང་ཞིག་ལ་གོ་སྒྲིག་བྱས་ནས་མི་མང་པོ་མ་ཡོང་ན་འགྲོ་སོང་འཕྲོག་བརླག་དང་གོ་སྒྲིག་བྱེད་པ་ལས་མ་བྱེད་ན་ཡག་པ་མཐོང་ནས་ཐག་གཅོད་བྱས་པ་ཡིན་སྐོར་འགྲེལ་བརྗོད་བྱས་སོང།
གནད་དོན་དྲུག་པར་སྲིད་སྐྱོང་ལས་ཐོག་གིས་བཅར་འདྲི་ཞིག་ལ་ཚོགས་གཙོ་སྤེན་པ་ཚེ་རིང་གིས་མི་བསད་ཡོད་མེད་དེ་ཁུངས་སྐྱེལ་རྒྱུ་ཁག་པོ་རེད་ཅེས་ལན་འདེབས་བྱས་པ་དང་འབྲེལ་ནས་གསུང་དོན་ལ། ཁོང་གིས་ཕྱི་ལོ་༢༠༡༤ ལོའི་ཟླ་༣ པའི་གྲོས་ཚོགས་ཀྱིས་མཇུག་བསྡོམས་ཀྱི་གཏམ་བཤད་ལ་བཀའ་ཤག་གིས་ཁོང་ལ་ཉེས་འཛུགས་དེ་ཐག་གཅོད་བྱེད་པའི་རེ་སྐུལ་དང་ཕྱི་༢༠༡༥ ཟླ་༤ པའི་ཚེས་༡༥ བཀའ་ཤག་ལ་ཕྱག་བྲིས་ཕུལ་ཡོད་ཀྱང། བཀའ་ཤག་ནས་མི་མང་ནང་དོགས་སློང་ཆེད་ད་བརཐག་གཅོད་བྱས་མེད་སྐོར་འགྲེལ་བརྗོད་བྱས་སོང། སྐབས་དེར་གསར་འགོད་པ་ཞིག་གིས་གྲོས་ཚོགས་ཀྱི་བཀའ་མོལ་ཞིག་ཁྲིམས་ལ་གཏུགས་ཆོག་གི་མེད་པས་། འཛིན་སྐྱོང་གིས་གྲོས་ཚོགས་སྐད་ཆ་ཞིག་སྤྱི་མང་གི་རྙོག་གྲར་བསྒྱུར་ན་འགྲིག་གི་མི་འདུག་དགོངས་སྲིད་ཀྱི་ཡོད་མེད་སྐོར་དྲིས་སོང་བས། ཁོང་གིས་ད་བར་བཀའ་ཤག་གིས་དེ་ཐག་གཅོད་གཙང་མ་མ་བྱས་པ་དེའི་རྒྱུ་མཚན་ལན་འདེབས་བྱས་མེད་པ་དང། གལ་ཏེ་ཉེས་འཛུགས་ཀྱི་ཁུངས་སྐྱེལ་ཡོད་ཚེ་འོས་བསྡུ་ལས་ཁང་ལ་ཁོང་སྲིད་སྐྱོང་གི་འོས་ཆོས་ཚང་མེད་པའི་ཞུ་གཏུགས་བྱས་ན་འགྲིག་གི་ཡོད་རུང་དེ་འདྲ་བྱེད་མཁན་བྱུང་མེད་ཁར། སྲིད་སྐྱོང་ལས་ཐོག་གི་གནད་དོན་དེ་དོགས་སློང་འཐོལ་པ་བྱེད་ཐབས་གནང་གི་ཡོད་སྐོར་འགྲེལ་བརྗོད་བྱས་སོང།
གསར་འགོད་པ་ཞིག་གིས་བཀའ་བློན་རྒྱ་རི་སྒྲོལ་མ་དང་དངོས་གྲུབ་ཚེ་རིང་གཉིས་ཀྱིས་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་པ་དང་འབྲེལ་བའི་དྲི་བ་བཏང་སོང་བས། ཁོང་གིས་བཀའ་བློན་རྒྱ་རི་སྒྲོལ་མས་དེ་སྔོན་ནས་སྲིད་སྐྱོང་ལས་ཐོག་ལ་འོས་བླུགས་རྒྱུ་ཡིན་སྐོར་ཁོང་ལ་བཤད་ཡོད་ཀྱང། བསམ་ཚུལ་དེ་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་དུས། ཁོང་གི་བསམ་ཚུལ་དང་ཀུན་སློང་དེ་ཁོང་གིས་བཤད་ཐུབ་ཀྱི་མེད་སྐོར་དང། དེབཞིན་གསར་འགོད་པ་ཞིག་གིས་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་དང་སྒེར་གྱི་འབྲེལ་བ་ཡོད་མེད་དྲིས་སོང་བས། ཁོང་གིས་ཁོ་གཉིས་སྒེར་གྱི་འབྲེལ་བ་གང་ཡང་མེད་པ་མ་ཟད། ཁ་པར་བརྒྱུད་བཀའ་མོལ་ཡང་བྱེད་མྱོང་མེད་སྐོར་ལན་འདེབས་བྱས་སོང།
གནད་དོན་བདུན་པར་སྲིད་སྐྱོང་ལས་ཐོག་གིས་བཀའ་ཤག་འདིའི་སྐབས་ཨ་རི་དང་ཉི་ཧོང་གི་དོན་གཅོད་ཁང་གཉིས་ཉོས་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་འབྲེལ་ནས་གསུང་དོན། ཨ་རིའི་དོན་གཅོད་དེ་ལ་བོད་ཀྱི་ཐེབས་རྩ་དང་དགའ་ལྡན་ཕོ་བྲང་གཉིས་དང་། ཉི་ཧོང་གི་དོན་གཅོད་ཁང་གི་འགྲོ་སོང་ཚང་མ་དགའ་ལྡན་ཕོ་བྲང་གིས་བཏང་ཡོད་པ་ལས། བཀའ་ཤག་གི་བཏང་མེད་སྐོར་འགྲེལ་བརྗོད་བྱས་སོང།
དེ་མིན་ཁོང་ཚོགས་གཙོའི་སྐབས་སུ་གྲོས་ཚོགས་ཐེངས་གཉིས་སྒོ་བརྒྱབ་པ་རེད་ཟེར་བ་དེ་ཁྲིམས་དང་སྒྲིག་གཞིའི་ནང་སྒོ་བརྒྱབ་པ་རེད་ཟེར་བ་མེད་པ་དང། གྲོས་ཚོགས་ལ་རྩོད་རྙོག་བྱུང་བ་དེ་ཚོགས་གཙོ་གཞན་པའི་སྐབས་ལ་ཡང་བྱུང་ཡོད་པ། སྲིད་སྐྱོང་གིས་ཁ་གྲངས་དང་རྩིས་སོགས་དངོས་ཡོད་འགྲེལ་བརྗོད་བྱེད་ཀྱི་མེད་སྐོར་སོགས་ཀྱི་གནད་དོན་སྐོར་ལ་འགྲེལ་བརྗོད་བྱས་སོང།
དེ་བཞིན་གསར་འགོད་པ་ཞིག་གིས་འོས་བསྡུའི་སྒྲིག་གཞི་བསྒྱུར་བཅོས་གཏང་དགོས་པ་མཐོང་གི་ཡོད་མེད་དྲིས་པར། ཁོང་གིས་འོས་བསྡུའི་ལས་རིམ་དེ་དུས་ཡུན་རིང་དྲག་པ། འོས་གྲངས་རྩིས་བཤེར་གྱི་བརྒྱུད་རིམ་དེ་མྱུར་དུ་གཏོང་ཐུབ་ན་ལེགས་པ་སོགས་ཀྱི་སྐོར་ལ་ལན་འདེབས་བྱས་སོང།།
གསར་འགོད་པ་སྐལ་བཟང་དོན་གྲུབ།