འོས་བསྡུའི་རྩོད་རྙོག་གིས་རྒྱ་གཞུང་གི་འདོད་དོན་འགྲུབ་པ།

pentslosingdekyiརྒྱ་ནག་བོད་ལྗོངས་དྲ་བ་ཟེར་བའི་སྟེང་ཐོན་པའི་གསར་འགྱུར་ནང་ཕྱི་ལོ་༢༠༡༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་སྲིད་སྐྱོང་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས། དེ་བཞིན་ལྷོ་ཕྱོགས་བརྒྱ་དཔོན་གྱི་གནད་དོན་སོགས་གླེང་གཞི་ཁག་རེ་རེ་བཞིན་ཐེར་འདོན་བྱས།


ཕྱི་ཟླ་༣ ཚེས་༡ ཉིན་རྒྱ་ནག་བོད་ལྗོངས་དྲ་བ་ཟེར་བའི་སྟེང་“བཀའ་བློན་དགོངས་ཞུ་དང་འོས་མིས་མི་བསད་དེ་སྐྱེ་དམན་འཕྲོག་པའི་གསང་བ་ཕྱིར་གྱར་”ཞེས་པའི་འགོ་བརྗོད་འོག བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་སྐོར་ལ་སྐྱོན་བརྗོད་ཀྱི་གསར་འགྱུར་ཞིག་སྤེལ་འདུག་པ་དང་། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཕལ་ཆེ་བའི་ནང་དུ་བརྒྱུད་འགོད་བྱས་འདུག

རྒྱ་ནག་གི་བརྒྱུད་ལམ་ཆེ་ཁག་ནང་ཐོན་ཟིན་པའི་གནས་ཚུལ་ཞིག་ཡིན་པར་བརྟེན། གསར་འགྱུར་དེ་ཉིད་འདི་ག་གསར་ཁང་ནས་གཤམ་དུ་ཚིག་དོན་ཇི་བཞིན་ཕབ་སྒྱུར་བྱས་ཏེ་བཀོད་ཡོད།

<<བཀའ་བློན་དགོངས་ཞུ་དང་འོས་མིས་མི་བསད་དེ་སྐྱེ་དམན་འཕྲོག་པའི་གསང་བ་ཕྱིར་གྱར།>>

“རྒྱ་ནག་བོད་ལྗོངས་དྲ་བས་བོད་རང་བཙན་ཤོག་ཁག་གི་བརྒྱུད་ལམ་ལ་གཞིགས་ཏེ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༢ ཚེས་༢༨ ཉིན་ཡུལ་གྱར་བོད་མིའི་སྲིད་གཞུང་གི་ཕྱི་འབྲེལ་དང་དྲིལ་བསྒྲགས་ལྷན་ཁང་གི་བཀའ་བློན་ཟེར་བས་དགོངས་ཞུའི་གསལ་བསྒྲགས་སྤེལ་པ་དང་། བཀའ་བློན་གྱིས་དགོངས་ཞུའི་གསལ་བསྒྲགས་ནང་། ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་བྱ་ཕྱོགས་བཅས་ལ་བསམ་བློ་བཏང་ནས་དགོངས་ཞུ་བྱས་པ་དང་། ཞིབ་ཕྲའི་རྒྱུ་མཚན་རྗེས་སུ་དུས་ཚོད་འོས་འཚམ་ཞིག་བཙལ་ཏེ་གསལ་བཤད་བྱ་རྒྱུ་ཡིན་ཞེས་བརྗོད།

སྤྱིར་རྩ་དགོངས་ཞུ་དགོས་པའི་ཞིབ་ཕྲའི་རྒྱུ་རྐྱེན་གསལ་བཤད་བྱས་མེད་ཀྱང་། “དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་”གི་དེའི་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐོག་ནས་གནད་དོན་ཆུང་ཚགས་རེ་མཐོང་ཐུབ་ཀྱི་ཡོད། ཡུལ་གྱར་བོད་མིའི་སྲིད་གཞུང་གི་སྲིད་སྐྱོང་ཟེར་བས་བརྗོད་རྒྱུར། “དེ་རིང་སྔ་དྲོར་ཁོང་མོས་(བདེ་སྐྱིད་ཆོས་དབྱངས) ཡིག་ཐོག་ནས་དགོངས་ཞུ་ཕུལ་པ་དང་དེ་བཞིན་ངག་ནས་གསུངས་པ་བཞིན། རྒྱུ་མཚན་གཅིག་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་འགྲོ་བཞིན་པའི་འོས་བསྡུ་ཆེན་མོའི་བགྲོ་གླེང་ནང་མཉམ་ཞུགས་བྱ་བདེ་བའི་ཕྱིར་ཡིན་ཞིང་། ཁྲིམས་དང་སྒྲིག་གཞི་གཞིར་བཟུང་བཀའ་བློན་གྱི་ལས་གནས་ཐོག་ནས་རང་དབང་གི་ལས་འགུལ་ནང་མཉམ་ཞུགས་བྱ་ཐབས་མེད་པར་བརྟེན་དགོངས་པ་ཞུས་པ་རེད།

ཡར་མར་ག་ཚོད་བཤད་ཀྱང་། བཀའ་བློན་གྱི་དགོངས་ཞུ་དེ་ཕྱི་ཟླ་༣ ཚེས་༢༠ ཉིན་གྱི་ཡུལ་གྱར་བོད་མིའི་སྲིད་གཞུང་གི་འོས་བསྡུ་ཆེན་མོའི་གནད་དོན་ལ་ཐུག་ཡོད་ཅིང་། ཁོང་མོའི་དགོངས་ཞུ་ཡིས་ཕྱོགས་གཅིག་ནས་ཏཱ་ལ་རུ་ཁག་གི་ནང་འཁྲུག་ཛ་དྲག་ཏུ་འགྲོ་བཞིན་པའི་དོན་དངོས་བདེན་དཔང་བྱས་ཡོད།

ཕྱི་ལོ་༢༠༡༡ ལོར་དགུང་ལོ་༧༦ ལ་ཕེབས་པའི་ཏཱ་ལའི་བླ་མ་ཡིས་ཆབ་སྲིད་དབང་ཆ་ད་ལྟའི་ལས་ཐོག་ཡུལ་གྱར་བོད་མིའི་སྲིད་གཞུང་གི་སྲིད་སྐྱོང་ལ་རྩིས་སྤྲོད་བྱས་པ་དང་། ཕྱི་ལོ་༢༠༡༦ ལོའི་འོས་བསྡུ་ཆེན་མོ་ཟེར་བ་ནི་ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་བྱས་པའི་རྗེས། ཡུལ་གྱར་བོད་མིའི་སྲིད་གཞུང་གི་འོོས་འདེམས་ཐེངས་གཉིས་པ་ཆགས་ཡོད། ཕྱི་ལོ་༢༠༡༥ ལོའི་ལོ་མཇུག་ནས་བཟུང་། ཡུལ་གྱར་བོད་མིའི་ནང་ཁུལ་གྱི་འོས་བསྡུ་ཆེན་མོ་ལ་རྣོ་ངར་ཅན་གྱི་འཐབ་རྩོད་རིགས་སྣ་ཚོགས་བྱུང།

ཕྱི་ལོ་༢༠༡༦ ལོའི་ཟླ་༡ ནང་། ཡུལ་གྱར་བོད་མིའི་དཔོན་རིགས་ཤིག་ས་གནས་བོད་མི་དབང་འཛིན་པས་ཡུལ་གྱར་བོད་མིའི་སྲིད་གཞུང་གི་སྔོན་འགྲོའི་འོས་བསྡུའི་བརྒྱུད་རིམ་ཁྲོད་གཡོ་བྱུས་ལ་རྒྱབ་སྐྱོར་བྱས་པར་འདོད་པ་མ་ཁེངས་པ་མ་ཟད། གཡོ་བྱུས་ཀྱི་དོན་རྐྱེན་བྱུང་པའི་སྐབས་སུ་དྲག་རྩུབ་ཀྱི་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་རྒྱ་གར་དུ་རང་སྲོག་བཅད། འོས་བསྡུ་ཆེན་མོའི་ནང་རྩོད་རྙོག་ཡང་ནས་ཡང་དུ་བྱུང་པ་དང་གསང་བ་རྒྱུན་ཆད་མེད་པར་ཕྱིར་གྱར་ཏེ་རིམ་གྱིས་སྐྱོ་གར་གྱི་ངོ་བོ་ཞིག་ཏུ་གྱུར་པ་དང་། སྲིད་སྐྱོང་འོས་མི་གཉིས་དང་འབྲེལ་བའི་གསང་བ་ཕྱིར་རྡོལ་ལའང་ལྟད་མོ་ཤིན་ཏུ་ཆེ།

གནས་ཚུལ་ནང་འཁོད་པ་ལྟར། ད་ལྟའི་ལས་ཐོག་སྲིད་སྐྱོང་གིས་རང་དོན་ཁོ་ནར་དམིགས་ཏེ་འོས་བསྡུ་ཆེན་མོའི་སྔོན་ལ་དུས་འཁོར་དབང་ཆེན་འཚོགས་རྒྱུའི་རེ་བ་བརྒྱབ་པ་དང་། དེ་ལྟར་བྱུང་ན་ལས་ཐོག་སྲིད་སྐྱོང་ཡིན་པའི་ཆ་ནས་དེའི་ཚེ་ཏཱ་ལའི་བླ་མ་དང་མཉམ་དུ་འགྲོགས་ཏེ་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཡོད་པ་མ་ཟད། དེ་ནི་ཁོང་གི་རང་ཉིད་ཕྱིར་ངོམ་སའི་སྡིངས་ཆ་ཤུགས་ཆེ་རུ་སོང་ཡོད་པ་ཐེ་ཚོམ་མེད་ལ། འོས་འགྲན་གྱི་དཔུང་གྲོགས་ཆགས་པར་བརྟེན། ཁོང་གི་བྱེད་ཐབས་ལ་ཡུལ་གྱར་བོད་མིའི་ཚོགས་སྡེ་ཁག་འདོད་པ་གཏན་ནས་མ་ཁེངས་པར། དུས་འཁོར་དབང་ཆེན་ཡང་འོས་བསྡུ་ཆེན་མོའི་རྗེས་སུ་འཚོག་རྒྱུར་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་།

ད་དུང་དེ་ལས་ཀྱང་ངོ་རྒོལ་བས་ཁོང་གིས་ཨ་རིར་ཡོད་པའི་“བོད་ཀྱི་གཞུང་ལས་ཁང་”གི་ནང་དུ་ཡོད་པའི་ཏཱ་ལའི་བླ་མའི་སྐུ་པར་མར་ཕབ་སྟེ་རང་ཉིད་ཀྱི་པར་དང་བརྗེས་པའི་སྐྱོན་བརྗོད་བྱས། སྤྱིར་དེའི་ཐད་ཁོང་གིས་ངོས་ལེན་གཏན་ནས་བྱེད་བཞིན་མེད་ཀྱང་། དེ་སྔར་ཏཱའོ་ཝན་གསར་འགྱུར་དྲ་བའི་(རྒྱ་ཡིག་) ཐོག་སྤེལ་པའི་རྩོམ་ཡིག་ཅིག་དྲན་སྐུལ་བྱས་འོང་། དབྱེ་ཞིབ་པས་ངོས་འཛིན་བྱས་པ་ལྟར་ན། ཏཱ་ལའི་བླ་མ་དང་ཁོང་གཉིས་བར་གནད་དོན་མང་པོ་ཞིག་གི་ཐོག་ཏུ་ཁྱད་པར་ཡོད་ལ། ཁོང་ནི་ཏཱ་ལའི་བླ་མ་ལ་ལྷག་བསམ་དཀར་བའི་ལག་བསྟར་བྱེད་མཁན་ཞིག་ཡིན་པ་ཤིན་ཏུ་བཤད་དཀའ།

ད་ལྟའི་ལས་ཐོག་སྲིད་སྐྱོང་ལ་སྐྱོན་འཛུགས་རྒྱུན་ཆད་མེད། དེ་བཞིན་འོས་མི་གཞན་དེའི་རྒྱབ་ལྗོངས་ཀྱང་གཙང་མ་མིན། ཁོང་གིས་དེ་སྔར་བླ་མ་ཞིག་བསད་དེ་བླ་མ་དེའི་བཟའ་ཟླ་དང་མཉམ་དུ་ལོ་མང་རིང་འཚོ་བ་སྐྱེལ་པ་རེད་ཅེས་ཐེར་འདོན་བྱེད་མཁན་བྱུང་།

འདི་ལྟར་བལྟས་ཡོང་ན། ཡུལ་གྱར་བོད་མིའི་ཐེངས་འདིའི་འོས་བསྡུ་ཆེན་མོ་ནི་ཡང་ནས་བསྐྱར་དུ་ཡོངས་གྲགས་ཐོག་ཕན་ཚུན་སྐྱོན་མཚང་སྔོག་ས་ཞིག་ཏུ་གྱུར་ཡོད་པ་ཙམ་མ་ཟད། ཏཱ་ལའི་རུ་ཁག་གི་ནང་ཁུལ་གྱི་འགལ་ཟླ་མུ་མཐུད་ཆེ་རུ་འགྲོ་བཞིན་པའི་གསང་བ་ཕྱིར་གྱར་ཡོད། སུ་ཞིག་འོས་འདེམས་བྱུང་མིན་ལ་མ་ལྟོས་པར། ཡུལ་གྱར་བོད་མི་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཉིན་བཞིན་འ་ཆད་འུ་ཐུག་ཏུ་གྱུར་བཞིན་པའི་གནས་སྟངས་ལ་འགྱུར་བ་གཏོང་ཐབས་མེད།”ཅེས་འཁོད་ཡོད་པ་རེད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།