འོས་བསྡུའི་སྐབས་སུས་སུ་ལ་རྒྱབ་སྐྱོར་བྱས་པ་དེ་མཇུག་རྫོགས་པ་བྱས་ནས་ནུས་པ་མཉམ་སྤུངས་དགོས་རེད།

ཕྱི་ཟླ་༣ པའི་ཚེས་༢༡ ནས་ཟླ་འདིའི་ཚེས་༡ བར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་༡༡ པ་འཚོགས་པ་དང་། ལོ་གཅིག་རིང་གི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏན་འབེབས་དང་། མ་འོངས་ལས་དོན་བྱེད་ཕྱོགས་ལ་བགྲོ་གླེང་དང་གྲོས་ཆོད་སོགས་བཞག་ནས། ཚོགས་འདུ་མཇུག་བསྒྲིལ་ཡོད་པ་རེད།

ls_2016_4_1གྲོས་ཚོགས་ཉིན་མཐའ་མའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེས་གྲོས་ཚོགས་ལ་ལན་འདེབས་གསལ་བཤད་གནང་སྐབས་ཁོང་གིས། བཙན་བྱོལ་ནང་ཆིག་སྒྲིལ་དགོས་སྐོར་དང་འབྲེལ་ནས་གསུང་དོན། “རྒྱ་ནག་གཞུང་གིས་འཆར་གཞི་བོད་དེ་རྒྱ་ཡུལ་ལ་བསྒྱུར་རྒྱུ་དང་། བོད་མི་རྒྱ་མི་བཟོ་རྒྱུ། བཙན་བྱོལ་སྒྲིག་འཛུགས་མེད་པ་བཟོ་རྒྱུ། བོད་མི་ནང་ཁུལ་མ་འཆམ་པ་བཟོ་རྒྱུ་དེ་རེད། དེ་བཟོ་ཐུབ་པ་ང་ཚོས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཐོག་ནས་གོ་སྐབས་སྤྲད་ན་གོ་སྐབས་ལེན་རྒྱུ་རེད་ལ། འབད་བརྩོན་དང་འགྲོ་སོང་གཏོང་གི་རེད། ཕྱི་ནང་གཉིས་ཀའི་རྐྱེན་གྱིས་ང་ཚོ་ནང་ཁུལ་རྙོག་གྲ་ཆགས་ཀྱི་རེད། བཙན་བྱོལ་གཞུང་ཐེངས་དང་པོ་ང་ཚོ་མ་རེད་ལ་མཐའ་མ་ང་ཚོ་མ་རེད། བཙན་བྱོལ་སྒྲིག་འཛུགས་དེ་སྔ་མང་པོ་བྱུང་རེད། དེ་མེད་པ་ཆགས་པ་དེ་ནང་མ་འཆམ་པ་དང་ཕྱིའི་གནོན་ཤུགས་ལ་བརྟེན་ཡོང་གི་ཡོད་རེད། བཙན་བྱོལ་སྒྲིག་འཛུགས་བརྒྱ་ཆ་༧༥ དང་བརྒྱ་ཆ་༨༠ ལོ་རྒྱུས་ནང་མེད་པ་ཆགས་པ་རེད། ང་ཚོའི་རྩ་དོན་འགྲུབ་རྒྱུར་རེ་བ་བརྒྱ་ཆ་༢༠ དང་༢༥ ལས་ཡོད་པ་མ་རེད། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་རྩ་བ་ནས་བྱེད་རྒྱུ་ཡོད་པ་མ་རེད་ལ། ང་ཚོ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་རེད་ནན་ཏན་གྱིས་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།

སྲིད་སྐྱོང་གིས་བོད་རྒྱ་འབྲེལ་མོལ་སྐོར་དང་འབྲེལ་ནས་གསུང་དོན། “༢༠༡༧ ལོར་རྒྱ་ནག་གི་འགོ་ཁྲིད་བརྗེ་པོ་རྒྱག་གི་ཡོད་པ་དང་། དེའི་སྐབས་ག་འདྲ་ཆགས་ཀྱི་རེད། དེའི་ནང་དུ་གསར་པ་སུ་ཡོང་གི་རེད། ཏུན་ཞའོ་ཕིང་ཡིན་ནའང་ཁོ་རང་གི་ལག་པར་དབང་ཆ་ཆ་ཚང་རག་པ་དང་། བོད་དོན་ཐོག་ལག་པ་འཆང་པའི་རྣམ་པ་འདུག ཅང་ཙི་མིན་ཡིན་ནའང་དེ་འདྲ་རེད། ཧུའུ་ཅིན་ཐའོ་ཡི་སྐབས་ལ་བོད་རྒྱ་འབྲེལ་མོལ་འགོ་བཙུགས་རེད་ཟེར་གྱི་ཡོད་ནའང་། ཅང་ཙི་མིན་གྱི་ལོ་ཡུན་གཉིས་པའི་སྐབས་ནས་འགོ་བཙུགས་རེད། ༢༠༡༧ ལོར་ཞི་ཅིན་ཕིང་སྐབས་གཉིས་པ་དེ་འགོ་བཙུགས་ཀྱི་ཡོད་པ་དང་། དེའི་ནང་མི་གསར་པ་ལྔ་ཡོང་གི་རེད་ཟེར་གྱི་ཡོད་པ་རེད། དེ་སྔོན་གྱི་བཀའ་ཤག་གིས་མིང་དོན་མཚུངས་པའི་རང་སྐྱོང་གི་ཡིག་ཆ་ཕུལ་ཡོད་པ་དེ་ད་ལྟ་གནས་བསྡད་ཡོད་པ་རེད། བཀའ་ཤག་འདིས་ཀྱང་མིང་དོན་མཚུངས་པའི་རང་སྐྱོང་གི་ཡིག་ཆ་དེར་ངོས་འཛིན་གྱི་ཡོད་ལ། ང་རང་ཚོ་ལ་ཁ་ཡོད་ལག་ཡོད་དང་རེ་བ་འགྲུབ་ཐུབ་པ་དེ་སྔོན་བཀའ་ཤག་གིས་དགོངས་པ་བཞེས་པ་དེར་ད་ཐེངས་ཀྱི་བཀའ་ཤག་གིས་ཀྱང་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་འགྱུར་བ་རྩ་བ་ནས་མེད།  ད་ལྟ་ཡིན་ནའང་བོད་རྒྱ་འབྲེལ་མོལ་ཡོང་རྒྱུར་འབད་བརྩོན་ཞུ་བཞིན་པ་ཡིན་”ཞེས་རྒྱལ་ཁབ་བར་འབྲེལ་བ་གནང་རྒྱུར་ཐབས་ལམ་འདྲ་མིན་ཡོད་སྐོར་དང་། དེ་སྔོན་དམིགས་བསལ་སྐུ་ཚབ་ཡོད་པའི་ཐོག་ནས་འབྲེལ་བ་གནང་བ་དང་། ད་ལྟ་དམིགས་བསལ་སྐུ་ཚབ་མེད་པའི་ཐོག་ནས་འབྲེལ་བ་གནང་བཞིན་ཡོད་སྐོར་གསུངས་སོང་།

pt_2016_4_1གྲོས་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས། ཐེངས་འདིའི་གྲོས་ཚོགས་ནང་དང་། ལོ་ལྔའི་རིང་གི་གྲོས་ཚོགས་ནང་ལས་དོན་གང་བྱས་མདོར་བསྡུས་གསུངས་པ་དང་། བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་ལས་བསྡོམས་ཀྱི་དེབ་ཅིག་ཀྱང་བཏོན་ཡོད་པ་རེད།

ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཐེངས་འདིའི་འོས་བསྡུ་དང་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་གསུང་དོན། “ང་ཚོའི་འོས་བསྡུ་ཟིན་པ་རེད། གཞུང་འབྲེལ་གྱི་གསལ་བསྒྲགས་གནང་རྒྱུ་ལས། འོས་བསྡུའི་གྲུབ་འབྲས་གང་འཚམས་གསལ་པོ་ཆགས་ཚར་རེད། གཞུང་འབྲེལ་གྱི་གསལ་བསྒྲགས་གནང་རྗེས། ང་ཚོ་ཚང་མ་འོས་བསྡུའི་ལས་རིམ་ཟང་ཟིང་འཕྲོས་པ་ལས་ཐར་བ་བྱས་ཏེ། ཚང་མས་ནུས་པ་མཉམ་སྤུངས་ཀྱི་ཐོག་འབད་བརྩོན་བྱེད་དགོས་པ་ལས། དེ་མ་གནང་ནང་ང་ཚོར་དགྲ་བོ་ཟེར་ན་ཁ་གཏད་རྒྱ་ནག་ལྟ་བུ་ཡོད་དགོས་པ་མ་རེད། ང་ཚོ་བོད་མི་བཙན་བྱོལ་ནང་ཡོད་པ་འབུམ་གཅིག་དང་ཁྲི་ལྔ་ཞིག་ཡོད་པ་དེར་ནུས་པ་ཏོག་ཙམ་ཡོད་པ་གཙབ་རེས་བྱས་བསྡད་ན། ང་ཚོའི་གནས་བབས་གང་ལ་སླེབས་ཀྱི་རེད། དེ་སུ་ལ་དགོས་པ་ཆགས་ཀྱི་རེད། སུ་ལ་ཁེ་ཕན་ཡོད་རེད། དེ་ང་ཚོ་བོད་མི་ཡོད་དོ་ཅོག་གིས་བསམ་བློ་གཏོང་དགོས་རེད། སུས་སུ་ལ་རྒྱབ་སྐྱོར་བྱས་པ་དེ་མཇུག་རྫོགས་པ་རེད། ད་ལྟ་བསམ་བློ་གསར་པ་དང་ནུས་པ་བཏོན་ནས། འགན་ཁུར་མཁན་སུ་ཡིན་ནའང་དེར་ནུས་པ་སྤུངས་དགོས་པ་དེ་གལ་ཆེན་པོ་རེད་”ཅེས་དང་། “གོང་ས་མཆོག་དགུང་ལོ་ཆེན་པོ་ཆགས་ཀྱི་ཡོད་པས། ང་ཚོ་འཆམ་པོ་དང་མཉམ་རུབ་དགོས་པ་རེད། ང་ཚོགས་གཙོ་འཁྱོལ་འགྲོ་མཁན་ཞིག་ཡིན་ནའང་མཉམ་མྱོང་གི་ཐོག་ནས་བལྟས་ན་དེ་འདྲ་གནང་རོགས། སུའི་རྒྱབ་སྐྱོར་བ་ཡིན་ནའང་། དེ་རིང་ནས་ཕན་ཚུན་སྡུག་རབ་བཤད་རེས་མེད་པར་ནུས་པ་མཉམ་སྤུངས་བྱེད་རོགས་”ཞེས་དང་། སོ་སོ་ལས་གནས་ཡོད་མེད་ལ་མ་ལྟོས་པར། འགན་ག་རེ་ཁུར་དགོས་ནའང་ཆ་ཚང་བ་ཁུར་རྒྱུ་ཡིན་ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་གསུང་དོན། “མ་འོངས་པའི་སྲིད་སྐྱོང་དང་བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྣམ་པ་ཚོར་ཞེན་སྐུལ་བྱེད་རྒྱུར། ཚང་མས་འཕྱར་གྲུ་མཉམ་འདེགས་དགོས་པ་དང་། ལས་ཀ་འགྲིག་གི་མེད་པ་དེ་སྤྱི་འཐུས་ནས་ཐེར་འདོན་དགོས་རེད། དེ་འདོན་མ་ཐུབ་ན་སྤྱི་འཐུས་ཀྱི་ལས་ཀ་འགྲུབ་ཀྱི་མེད་པ་རེད། སྒྲིག་འཛུགས་ཕན་ཚུན་ལ་གུས་བརྩི་དང་ཆེ་མཐོང་དགོས་རེད། ཆུང་ཙག་དེ་འདྲས་མིའི་བསམ་བློ་ནང་ཕོག་ཐུག་མི་འགྲོ་བ་དང་། གལ་ཆེ་ཤོས་སྤྱི་ཚོགས་འགྱུར་བ་ཆེན་པོ་འགྲོ་བསྡད་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱིས་མི་མང་ནང་འབྲེལ་བ་ག་འདྲ་ཞིག་འཇོག་དགོས་རེད། མི་མང་ནང་ཆབ་སྲིད་ཀྱི་གོ་རྟོགས་དང་མང་གཙོའི་འགྲོ་ལུགས་སྲ་བརྟན་ག་འདྲ་བཟོ་དགོས་རེད། གཞིས་ཆགས་ཀྱི་གནས་བབས་ཤེས་ཡོན་དང་འཕྲོད་བསྟེན་དེ་ཚོ་ཚུད་དགོས་རེད། ཁ་འཐོར་ནས་གཟུགས་པོ་ཐག་རིང་དུ་སོང་ནའང་སེམས་ཐག་ཉེ་རུ་གཏོང་ཐབས་ག་འདྲ་དགོས་རེད། ལྷག་པར་དུ་ཕྱི་རྒྱལ་ཁག་ལ་ཡོད་མཁན་ཚོར་ག་འདྲ་དགོས་པར་ཐབས་ཇུས་ཚད་ལྡན་ཞིག་དགོས་རེད་”ཅེས་སོགས་གསུངས་སོང་།

སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་མཇུག་བསྒྲིལ་པ་དང་། ཕྱི་ཟླ་༥ པའི་ནང་སྐབས་བཅུ་དྲུག་པའི་གྲོས་ཚོགས་འཐུས་མི་གསར་པ་ཚོས་དམ་འབུལ་དང་ལས་དོན་འགོ་འཛུགས་བྱེད་དགོས་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།