འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་གྲང་སེང་དུ་བཏང་།

ཟླ་འདིའི་ཚེས་༢༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་གྲང་སེང་སུ་བཏང་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༨ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་ལྔ་པའི་ཐོག སྐབས་༡༦ པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་དང་གྲུབ་དོན་སྙན་ཐོ་སྒྲོགས་སྦྱང་བྱས་པ་དང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོ་དང་དངོས་གཞི་ཐེངས་གཉིས་འོས་འཕེན་མི་དགོས་པའི་བསམ་འཆར་སྙན་ཐོའི་ནང་སླེབས་མེད་པས། སྙན་ཐོར་ངོ་རྒོལ་མཚོན་ཆེད་བགྲོ་གླེང་ནང་མ་ཞུགས་པར་སྲིད་སྐྱོང་བློ་བཟང་སེང་གེས་སྣེ་ཁྲིད་དེ་བཀའ་ཤག་གྲོས་ཚོགས་ཀྱི་ཕྱི་ལ་ཐོན་ཡོད་པ་རེད།

ཟླ་འདིའི་ཚེས་༢༤ ཉིན་གྲོས་ཚོགས་ནང་བསྐྱར་དུ་ཁྲིམས་འཆར་དེའི་ཐོག་བགྲོ་གླེང་སྐབས། བཀའ་ཤག་གིས་བཟོ་བཅོས་ཁྲིམས་འཆར་སྐབས་རྗེས་མའི་གྲོས་ཚོགས་ཐོག་འཁྱེར་རྒྱུ་ཡིན་སྐོར་གསུངས་ཏེ། ཁྲིམས་འཆར་དེ་ཐེངས་འདིའི་གྲོས་ཚོགས་ནང་གྲང་སེང་དུ་བཏང་བ་དང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱིས་འཆར་ཟིན་དེའི་ཐོག་གསལ་བཤད་དང་། འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཅིག་ལས་མེད་པ་བྱས་ཀྱང་། འོས་བསྡུའི་སྐབས་རྙོག་གླེང་བྱུང་བའི་དཀའ་ངལ་སེལ་མི་ཐུབ་སྐོར། དེ་བཞིན་རྙོག་གླེང་དེ་ཚོ་སྒྲིག་གཞི་ལ་བརྟེན་ནས་བྱུང་བ་ཞིག་མིན་པར། འོས་མིར་ལངས་མཁན་ཚོས་བྱེད་སྟངས་ཀྱིས་བྱུང་གི་ཡོད་སྐོར་གསུངས་རྗེས། སྲིད་སྐྱོང་བློ་བཟང་སེང་གེས་འོས་བསྡུའི་དུས་ཚོད་ག་ཚོད་ཐུང་ན་རྙོག་གླེང་གི་གོ་སྐབས་ཉུང་བ་ཡིན་སྐོར་དང་། སྐབས་རྗེས་མའི་གྲོས་ཚོགས་ཐོག་གནད་དོན་དེར་བགྲོ་གླེང་བྱས་ཆོག་སྐོར་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།