ཡ་རབས་སྤྱོད་བཟང་ཚད་དམའ་རུ་འགྲོ་ཡི་ཡོད་པ་འདྲ་བོ་འདུག

IMG_0080“འཕྲོད་བསྟེན་ལས་ཁུངས་ནས་འཐུས་ཤོར་ཞེ་དྲག་ཕྱིན་པ་འདྲ་བོ་འདུག སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་ཁུངས་ནས་འཐུས་ཤོར་ཕྱིན་པའི་བཟོ་ལྟ་འདུག”ཅེས་དང། “ང་རང་ཚོའི་སྤྱི་ཚོགས་ནང་ཁ་ནས་ཡ་རབས་སྤྱོད་བཟང་ཟེར་བ་མ་གཏོགས་ལག་ལེན་ཐོག་ནས་ཚད་ཏོག་ཙམ་དམའ་རུ་འགྲོ་ཡི་ཡོད་པ་འདྲ་བོ་འདུག”ཅེས་༧གོང་ས་མཆོག་གིས་གསུངས་སོང།

ཟླ་འདིའི་ཚེས་༢༣ ཉིན་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཚོགས་ཡོད་པ་རེད། མཛད་སྒོའི་སྐུ་མགྲོན་གཙོ་བོ་༧གོང་ས་མཆོག་དབུ་ཞུགས་ཐོག དམིགས་བསལ་སྐུ་མགྲོན་ཧི་མ་ཅལ་མངའ་སྡེའི་ནགས་ཚལ་བློན་ཆེན་ཋ་ཀུར་སིང། ཧི་མ་ཅལ་མངའ་སྡེའི་ཨ་ཡུར་ཝེ་དྷེའི་བློན་ཆེན་ཀ་རན་སིང། ཧི་མ་ཅལ་མངའ་སྡེའི་ས་གནས་གྲོས་ཚོགས་འཐུས་མི་ར་ཝི་ཋ་ཀུར། ཁྲིམས་ཞིབ་པ་རྣམ་པ། སྲིད་སྐྱོང་བློ་བཟང་སེང་གེ་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛ་ད་གཙོ་རྣམས་དང།། སྨན་རྩིས་ཁང་གི་འགན་འཛིན་དབུས་པའི་དགེ་ལས་སློབ་ཕྲུག་དང། ཉེ་འཁོར་གྱི་སེར་སྐྱ་མི་མང་བཅས་མཉམ་ཞུགས་བྱས་འདུག

མཛད་སྒོའི་ཐོག་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་བོད་ཀྱི་སྨན་རྩིས་ཁང་དེ་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་ཕྱི་ལོ་༡༩༡༦ ལོར་ལྷ་སར་ཕྱག་བཏབ་པ། ཕྱི་ལོ་༡༩༦༡ ལོར་༧གོང་ས་མཆོག་གིས་བཙན་བྱོལ་དུ་སླར་གསོ་མཛད་སྐབས་ཀྱི་གནས་སྟངས་དང་ད་ལྟའི་ཆར་སྨན་རྩིས་ཁང་གི་གནས་སྟངས་དྲག་ཏུ་ག་འདྲ་ཕྱིན་ཡོད་པ་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་སོང། དེ་རྗེས་རྒྱ་གར་སྐུ་མགྲོན་གསུམ་གྱིས་གཏམ་བཤད་བྱས་སོང།

༧གོང་ས་མཆོག་གིས་རྒྱ་གར་སྐུ་མགྲོན་གསུམ་པོ་དང། སྨན་པ་ཡེ་ཤེས་དོན་ལྡན། དེ་མིན་སྦེང་ལོར་སྨན་རྩིས་ཁང་ལས་གཞིའི་ཆེད་ཞལ་འདེབས་སྤྲད་མཁན་གསུམ་དང། སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་བཅས་ལ་ཕྱག་རྟགས་བསྩལ་སོང།

IMG_0166༧གོང་ས་མཆོག་གིས་བོད་ཀྱི་རིག་གནས་ཆེན་པོ་ལྔའི་དགེ་མཚན་སྐོར་ལ་བཀའ་སློབ་བསྩལ་བ་དང་འབྲེལ། བོད་མིའི་ཁྲོད་ནང་ཆོས་ལ་དད་པའི་རྗེས་སུ་འགྲོ་བ་མ་གཏོགས་དེ་ལ་སློབ་སྦྱོང་བྱེད་མཁན་ཉུང་ཉུང་ཡིན་པ། བསྟན་པ་ཡུན་རིང་གནས་པར་དབང་རྟུལ་དད་པའི་རྗེས་འབྲངས་མ་ཡིན་པར་དབང་རྣོན་ཆོས་ཀྱི་རྗེས་འབྲངས་བྱེད་དགོས་པ། དངོས་ཡོད་གནས་ཚུལ་ལ་འགྲོ་དགོས་པ་ལས་དངོས་གྲུབ་ཡོད་རེད་དང་བྱིན་རླབས་ཡོད་རེད་ཅེས་ཟེར་ནས་བསྡད་ན་རྨོངས་དད་ཡིན་པ། ད་བར་སྨན་རྩིས་ཁང་གིས་ལས་ཀ་ཡག་པོ་བྱས་ཡོད་ཀྱང། དུས་རབས་དང་མཐུན་པའི་ཚན་རིག་དང་དཔྱད་བསྡུར་བྱེད་དགོས་པ། དེ་བཞིན་བོད་ཀྱི་རིག་གནས་ཆེ་བ་ལྔ་པོ་དེ་བོད་མི་ཚོའི་སྤོབས་པ་སྐྱེ་འོས་པ་ཡིན་པ་སོགས་ཀྱི་སྐོར་ལ་བཀའ་སློབ་བསྩལ་རྗེས། “གཞིས་ཆགས་ཁག་ལ་མི་ནད་པ་ཞེ་དྲག་འདུག སྔོན་འགོག་བྱེད་པའི་ཐད་ལ་འཐུས་ཤོར་ཕྱིན་པའི་རྟགས་གསལ་པོ་ཞེ་དྲག་འདུག འཕྲོད་བསྟེན་ལས་ཁུངས་ནས་འཐུས་ཤོར་ཞེ་དྲག་ཕྱིན་པ་འདྲ་བོ་འདུག སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་ཁུངས་ནས་འཐུས་ཤོར་ཕྱིན་པའི་བཟོ་ལྟ་འདུག ང་ཚོས་འདི་ལ་འདྲ་ཆགས་པོ་རེ་དང་རྒྱས་རྒྱས་སྤྲོས་སྤྲོས་རེ་བྱས། ས་གནས་ས་ཐོག་ལ་ནད་པ་དབུལ་ཕོངས་སྐྱབས་མེད་མགོན་མེད་ལྷག་བསྡད་ཡོད་པ་དེ་ང་ཚོས་ངོ་ལྐོག་རྒྱབ་མདུན་མ་མཚུངས་པ་ཞིག་རེད། མདུན་ལ་འདྲ་ཆགས་པོ་དང་རྒྱབ་ལ་འཐུས་ཤོར་ཕྱིན་པ་ཆགས་ཡོད་ན། གཟི་བརྗིད་ཁོག་སྟོང་རེད། ང་ཚོ་འདྲ་ཆགས་པོའི་ཐོག་ནས་འགྲོ་རྒྱུ་མི་འདུག ཁ་ཡོད་ལག་ཡོད་ཐོག་ནས་འགྲོ་དགོས་འདུག ང་ནི་ཉི་མ་ལ་བརྒལ་གྱི་མཚམས་ལ་སླེབས་ཡོད་རེད། ད་ལོ་བཅུ་བཅོ་ལྔ་བསྡད་ཀྱི་ཡོད་འགྲོ། དེ་ནས་ཤི་འགྲོ་ཡི་རེད། ད་ལྟ་ཁྱེད་རང་ཚོས་སྒང་ལ་འགན་ཡོད་རེད། གཟབ་གཟབ་བྱེད་ན་མ་གཏོགས་ད་ལྟ་བར་དུ་ཁུངས་འཁྱོལ་ཙམ་འཁྱོལ་ཙམ་བྱུང་སོང་། ད་དུང་ཁུངས་འཁྱོལ་གྱི་རེད་བསམ་ན་ནོར་འཁྲུལ་རེད། ང་རང་ཚོའི་སྤྱི་ཚོགས་ནང་ཁ་ནས་ཡ་རབས་སྤྱོད་བཟང་ཟེར་བ་མ་གཏོགས་ལག་ལེན་ཐོག་ནས་ཚད་ཏོག་ཙམ་དམའ་རུ་འགྲོ་ཡི་ཡོད་པ་འདྲ་བོ་འདུག དེ་ཚོའི་གྲལ་ལ་གཟIMG_0124བ་གཟབ་བྱོས།”ཞེས་གསུངས་སོང།  ༧གོང་ས་མཆོག་གིས་བཀའ་སློབ་གནང་གྲུབ་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་གནང་སོང།

སྨན་རྩིས་ཁང་གི་དགེ་ལས་སློབ་པྲུག་ཚོས་གཞས་སྣ་འཁྲབ་སྟོན་བྱས་རྗེས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་༣༠ དང་༢༠ ལོན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་རྗེས། དུས་དྲན་དང་འབྲེལ་ནས་བོད་ཀྱི་སྨན་རྩིས་ཁང་གི་ལས་འཆར་བརྒྱུད་རྩ་ཆེའི་གསོ་རིག་རྒྱུན་འཛིན་མི་ཉམས་གོང་འཕེལ་བྱེད་བཞིན་པར་དགའ་སྤོབས་ཡོད་སྐོར་གསུངས་སོང།

མཛད་སྒོར་སྨན་རྩིས་ཁང་གི་དཔེ་དེབ་གསར་པ་༡༠ དཔར་བསྐྲུན་བྱས་པ་རྣམས་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་ལྔ་རེ་དབུ་འབྱེད་བྱས་པ་དང། དེ་ནས་སྨན་རྩིས་ཁང་ནས་མཛད་སྒོར་ཕེབས་པའི་སེར་སྐྱ་མི་མང་ཡོང་ལ་ཞལ་ལག་འདེགས་འབུལ་བྱས་རྗེས་མཛད་སྒོ་གྲོལ་སོང།།

གསར་འགོད་པ་སྐལ་བཟང་དོན་གྲུབ།