ཡང་ལོ་གཅིག་གི་གོ་སྐབས་ཤོར་སོང།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༧༦ ཕྱི་ལོ་ ༢༠༡༦/༡/༦
ཕྱི་ལོ་༢༠༡༥ ལོ་འདི་ཉིད་ཀྱང་མིག་རྡེབ་པ་ཙམ་གྱི་དུས་ཡུན་ལས་མ་འགོར་བར་ཁད་ཀྱིས་བཞུད་སོང། ལོ་འདིར་ཡང་རྒྱ་དམར་དྲག་གཞུང་གིས་མུ་མཐུད་མཁྲེགས་འཛིན་བྱས་ནས་བོད་དོན་ཐོག་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་པ་མ་ཟད། བོད་པ་ནང་ཁུལ་གྱི་མཐུན་ལམ་ཐོག་ནས་བསམ་ཡང་ལོ་སྔོན་མ་ལས་སྡུག་ཏུ་སོང་བའི་གནས་ཚུལ་མིག་མདུན་དུ་ལྷགས་ཡོད། གནས་ཚུལ་འདི་དག་གི་ཐོག་ནས་བསམ་བློ་བཏང་ན་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་ནི་སྐྱ་ཆད་སྔོ་སྡུག་གི་དུས་སྐབས་ཤིག་ཏུ་སླེབས་ཡོད་པའི་ཚོར་སྣང་ཞིག་རང་བཞིན་གྱིས་སླེབས་ཡོང། འོན་ཀྱང་མ་འོངས་པ་ལ་གོ་རིམ་མེད་པའི་གནས་བབས་འདིའི་ཐོག་ནས་བསམ་བློ་བཏང་ན་མངོན་ཤེས་ཅན་ཞིག་མ་གཏོགས། ཐག་བཅད་ནས་བཤད་ཐུབ་མཁན་ཞིག་ཧ་ཅང་དཀའ། དེར་བརྟེན་མིག་མདུན་གྱི་གནས་ཚུལ་འདི་དག་ལ་མི་མངོན་པའི་རེ་བ་མང་པོ་ཡོད་མི་སྲིད་པའང་མིན། གང་ལྟར་བོད་པའི་སྤྱི་ཚོགས་ཀྱི་མཆམ་མཐུན་གནས་བབས་སྐྱོ་ནས་སྐྱོ་རུ་འགྲོ་བཞིན་པ་འདི་ནི་དཀའ་ངལ་འཕར་མ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད།
དཔེར་ན་ནེའུ་ཡོག་གི་གསུམ་བཅུའི་དུས་དྲན་སྐབས་ཀྱི་དོན་རྐྱེན་ལ་བརྟེན་ནས་ད་བར་རྩོད་རྙོག་མང་པོ་ཞིག་མུ་མཐུད་བྱུང་ཡོད་པ་དང། དེ་ལ་བོད་མིའི་སྒྲིག་འཛུགས་ནས་ཀྱང་གཡས་རིང་གཡོན་ཐུང་གི་འགྲེལ་བཤད་བརྒྱབ་ནས་ཤུགས་རྐྱེན་ངན་པ་ཐེབས་ཡོད། རྒྱ་དམར་དྲག་གཞུང་གི་བྱེད་སྟངས་ལ་འགྱུར་བ་གཏོང་རྒྱུའི་ནུས་པ་ང་ཚོར་གནས་སྐབས་མེད་ནའང། བཙན་བྱོལ་བོད་མི་རྣམས་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་དང། སྤྱི་ཚོགས་ཀྱི་ལྟ་སྟངས་མི་འདྲ་བ་ག་འདྲ་ཞིག་ཡོད་ཀྱང། དེ་ལ་བརྟེན་ནས་སྤྱི་ཚོགས་ཁ་འཐོར་དུ་གཏོང་མི་རུང་བ་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་ནམ། སྒྲིག་འཛུགས་ཀྱི་དབུ་ཁྲིད་དག་གིས་མགོ་ཁྲིད་ཀྱི་ནུས་པ་འདོན་ཚུལ་ལ་རག་ལས་ཡོད། གཞུང་དང་ཚོགས་པ་མི་སྒེར་སོགས་གང་ཐད་ནས་རང་ཉིད་ཀྱི་བསམ་བློའི་ཁ་ཕྱོགས་སམ། ཡང་ན་སྤྱི་ཚོགས་ཀྱི་རླུང་གཡུགས་ཕྱོགས་ཀྱི་རྗེས་སུ་འབྲངས་མཁན་ཞིག་ཡིན་ཡང། ཕྱོགས་དང་རིས་སུ་གཅོད་རྒྱུའི་བྱ་སྤྱོད་མང་དྲགས་ན་དུས་ནམ་ཡང་ཁ་འཐོར་དུ་འགྲོ་རྒྱུ་ལས་གཅིག་སྒྲིལ་ཡོང་མི་སྲིད་པ་རེད།
རང་ཉིད་དང་བསམ་ཚུལ་ལམ་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་དག་དུས་ནམ་ཡང་སྤྱི་ཚོགས་ཀྱི་ཟུར་དུ་འཕུད་རྒྱུའི་བསམ་བློ་གཏོང་མཁན་དང་ཐབས་ཤེས་བྱེད་མཁན། ཡང་ན་གཞི་རྩ་གཏན་ནས་མེད་པའི་དཀྲོག་གཏམ་བཟོ་བ་དང་སྐུར་འདེབས་བྱེད་པ་སོགས་ཀྱི་གནས་ཚུལ་ནི། སྤྱི་ཚོགས་ཤིག་གི་ཕྱོགས་ངོས་གང་དུ་གནས་ཀྱང་དུས་ནམ་ཡང་འཆམ་མཐུན་དང་གཅིག་སྒྲིལ་མི་ཡོང་བ་དང། སྐབས་རེ་འཆམ་མཐུན་དང་གཅིག་སྒྲིལ་ཟེར་བ་དེ་ཁ་ནས་བཤད་པ་ཙམ་ལས་དོན་དུ་དགོས་མཁོ་ཡོད་པ་ཞིག་ཏུ་བརྩི་ཡི་ཡོད་མེད་ཀྱང་ཧ་མི་གོ་བ་ལྟ་བུ་འདུག་ལ། སྤྱི་ཚོགས་ནང་གི་མི་ཁག་ཅིག་ལ་དམིགས་བསལ་ནག་ཉེས་མེད་ཀྱང་ཆེད་དུ་ནག་པོ་བཟོ་ཐབས་བྱས་ནས། དེ་ལ་ཁ་གཏད་བཅགས་ཏེ་རང་ཉིད་ཀྱི་གཟི་བརྗིད་དང་ནུས་པ། ཐ་ན་རང་ཉིད་ཀྱི་ཁེ་ཕན་རྩོད་ལེན་བྱེད་མཁན་ཡང་གང་མང་མཐོང་རྒྱུ་ཡོད་པ་ནི། སྤྱི་ཡོངས་ནས་མི་རིགས་དང་རྒྱལ་ཁབ་ལ་མི་དགོས་པ་དང། ཡང་དགོས་གཞན་གྱི་དབང་བསྒྱུར་ལ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ལ་མཚོན་ན་ལ་ཉེ་ངན་པ་ཞིག་ཏུ་གྱུར་ཡོད།
ཕྱི་ལ་ཞབས་བྲོ་མ་འཁྲབ་གོང། ནང་ལ་རྡོག་བྲོ་འགྲིག་པ་དགོས། ཞེས་པ་ལྟར་རྒྱ་དམར་དྲག་པོའི་གཞུང་ལ་ནུས་པ་ལྡན་པའི་ཁ་གཏད་ཅིག་གཅོག་ཐུབ་པའི་ཆེད་དུ་བོད་ཕྱི་ནང་གཉིས་ཀྱི་ནུས་པ་རྡོག་གཅིག་ཏུ་སྒྲིལ་ཐུབ་དགོས་པ་དང། ལྷག་པར་དུ་བཙན་བྱོལ་བོད་མི་འབུམ་གཅིག་ལྷག་ཙམ་ལས་མེད་པ་འདི་དག། ལངས་ཕྱོགས་དང་བསམ་བློ་མི་མཐུན་པ་ག་རེ་ཡོད་ཀྱང་དེ་དག་ཚང་མ་རང་ཉིད་སོ་སོས་དམ་འཛིན་བྱས་ཐོག བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་ཚང་མ་རྡོག་གཅིག་ཏུ་སྒྲིལ་ཐུབ་པ་ཞིག་མ་བྱུང་ན། བོད་དོན་འཐབ་རྩོད་ཀྱི་གོ་སྐབས་དང་རེ་བ་ཐམས་ཅད་ཉུང་དུ་འགྲོ་བ་ལས་མེད། འོན་ཀྱང་གཅིག་སྒྲིལ་ཞེས་པ་དེ་སྤྱི་ཚོགས་ནང་རང་ཉིད་ལ་བསམ་ཚུལ་དང་ལངས་ཕྱོགས་གང་ཡོད་ཀྱང་དེ་གཞི་རྩར་བཞག་ནས། ཕན་ཚུན་ཡིད་ཆེས་དང་གུས་བཀུར་བྱེད་ཐུབ་པ་ཞིག་དགོས་པ་ལས། བསམ་ཚུལ་དང་ལངས་ཕྱོགས་ཚང་མ་གཅིག་རང་གི་ཐོག་ལ་སྒྲིལ་དགོས་པའི་ཐབས་ཤེས་བྱས་ན། མང་གཙོའི་ལམ་ལུགས་ལ་ཡོངས་སུ་རྒྱབ་ཀྱིས་ཕྱོགས་པ་ཞིག་ཏུ་གྱུར་ཡོད།
བོད་དོན་འཐབ་རྩོད་ཀྱི་ཆ་ནས་༢༠༡༥ ལོ་འདི་ཉིད་སྐྱོ་སྡུག་དང་མིག་ཆུའི་ཁྲོད་ནས་སྐྱེལ་དགོས་བྱུང་ཞིང། འོས་བསྡུ་ཆེན་མོའི་དཀྲོག་གཏམ་དང་གླེང་རྙོག་འདི་དག་གིས་ཀྱང་སྤྱི་ཚོགས་ཆུང་ཆུང་འདིའི་གཅིག་སྒྲིལ་ལ་འགལ་རྐྱེན་ཆེན་པོ་ཞིག་ཏུ་གྱུར་སོང། ལོ་འདིའི་ནང་གི་ཉམས་མྱོང་ལ་བལྟས་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་“མང་གཙོ”ཞེས་བྲིས་པ་འདི་ལའང་ལྟ་སྟངས་གསར་པ་ཞིག་སླེབས་སོང་བ་དང། གནད་དོན་གང་ཞིག་མང་ཕྱོགས་ནས་ཐག་བཅད་ན་ཉུང་བ་དེའི་བསམ་ཚུལ་ནི་རྩིས་མེད་རྡོག་རོལ་དུ་གཏོང་རྐྱང་ཆོག་པ་ལྟ་བུ་ཡིན་པ་འདྲ། ད་བར་“མང་གཙོ་”དང་“དམངས་གཙོའི་”བར་གྱི་རྩོད་རྙོག་གི་འཁྲུན་ཐག་མི་ཆོད་པའི་གནས་སྟངས་ཀྱང་གནད་འདི་ལ་ཐུག་ཡོད་པའི་ངེས་ཤེས་སྐྱེས་སོང། མདོར་ན་མི་རིགས་ཤིག་དང་མི་སྒེར་ཞིག་ལ་མཚོན་ན་དཀའ་ངལ་ཆེ་བའི་སྐབས་སུ་སྤོབས་པའི་མགོ་འཕང་གནམ་ལ་བཏེགས་ནས་མདུན་དུ་བསྐྱོད་དགོས་པ་ལས། དཀའ་ངལ་གང་ཡང་མེད་པའི་སྐབས་སུ་སེམས་ཤུགས་དང་ལ་རྒྱ་བཤད་ཐུབ་པ་ཙམ་གཟི་བརྗིད་ག་ལ་ཡིན།།