ཡང་སྲིད་དང་ཆབ་སྲིད་ཀྱི་རྩེད་མོ།

ཆེད་བརྗོད།

བླ་མའི་ཡང་སྲིད་རྩད་གཅོད་དང་ངོས་འཛིན་བྱེད་རྒྱུའི་ལུགས་སྲོལ་དེ་བོད་ནས་དར་བ་ལྟ་བུ་ཡོད་ལ། ད་ལྟའི་ཆར་འཛམ་གླིང་ཤར་ནུབ་ཀུན་ཏུ་བོད་བརྒྱུད་ནང་བསྟན་དར་སྤེལ་ཅུང་ཙམ་རེ་ཡོད་སའི་ས་གནས་ཕལ་མོ་ཆེར་དར་ཡོད་པའམ། ཡང་ན་ཤུགས་རྐྱེན་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་ཟིན། སྤྱིར་སྐྱེ་བ་སྔ་ཕྱི་ངོས་འཛིན་གྱིས་མི་འདི་སྐྱེ་བ་སྔོན་མར་སངས་རྒྱས་དང་བྱང་སེམས། མི་དང་དུད་འགྲོ་སོགས་འདི་དང་འདི་ལྟ་བུ་ཞིག་ཡིན་པར་ངོས་འཛིན་མཛད་པའི་ལོ་རྒྱུས་ནི་བདག་ཅག་གི་སངས་རྒྱས་ཞལ་བཞུགས་སྐབས་ནས་མང་པོ་བྱུང་ཡོད་པ་ནི། མདོ་སྡེ་མཛངས་བླུན་དང། ལས་བརྒྱ་པ་སོགས་སུ་ཧ་ཅང་མང་པོ་ཡོད། བོད་ལ་མཚོན་ན་མཁན་སློབ་ཆོས་གསུམ་གྱི་དུས་ནས་ལོ་ཆེན་བཻ་རོ་ཙ་ན་སངས་རྒྱས་ཀྱི་ཉེ་གནས་ཀུན་དགའ་བོའི་རྣམ་སྤྲུལ་ཡིན་པར་ངོས་འཛིན་བདག་སྐྱོང་མཛད་པ་སོགས་ཡོད་ལ། ཡོངས་གྲགས་སུ་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ལམ་སྲོལ་འདི་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་ནས་བྱུང་ཡོད་པས། ༧རྒྱལ་དབང་ཀརྨ་པ་ལ་བོད་ཀྱི་སྤྲུལ་སྐུ་ཐོག་མ་ཞེས་འབོད་སྲོལ་བྱུང་བ་ཞིག་རེད།

རིམ་པས་བོད་ཀྱི་ཆོས་བརྒྱུད་ཚང་མ་ལ་ཁྱབ་ཅིང་ད་ལྟའི་ཆར་ག་ས་གང་དུ་སྤྲུལ་སྐུའི་ལམ་སྲོལ་དར་ཁྱབ་ཤུགས་ཆེ་བྱུང་སྟེ། སྤྲུལ་སྐུའི་མཚན་ཡོད་མཁན་ནང་བསྟན་འཛིན་གྱི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་མང་པོ་ཡོད་ལ། ཐུན་མོང་གི་ལྟ་ཚུལ་དུ་སྤྲུལ་སྐུའི་མིང་ཁུར་ནས་གཡོ་སྒྱུ་ཁྲམ་གསུམ་བྱེད་མཁན་ཡང་རེ་ཟུང་མཐོང་རྒྱུ་ཡོད། རྩ་བས་བྱ་དངོས་གང་ཡིན་ཡང་། དག་མ་ཞིག་ཡོད་པ་དང་མཉམ་དུ་དེའི་རྫུན་མ་ཞིག་ཡོད་པ་དེ་ཡང་ཆོས་ཉིད་ཡིན་པས། ད་ལྟའི་ཆར་འཕྲུལ་ཆས་ཡག་ཤོས་དག་འདྲ་བཟོ་བྱས་པའི་རྫུན་མ་གང་སར་ཡོད་པ་ལྟ་བུ་རེད། བོད་ལ་མཚོན་ན་སྤྲུལ་སྐུའི་ལམ་ལུགས་ཀྱིས་ཆོས་སྲིད་གཉིས་ཐད་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། སྤྲུལ་སྐུའི་ལམ་ལུགས་རྩ་མེད་གཏོང་དགོས་ཟེར་མཁན་དང། རྒྱལ་པཎ་གཉིས་མ་གཏོགས་སྤྲུལ་སྐུ་གཞན་གཅིག་ཀྱང་མེད་པ་བཟོ་དགོས་ཚུལ་གསུང་མཁན་ཡོད་ཀྱང། སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་བོད་མིའི་བསམ་བློ་གཏོང་སྟངས་གང་ཐད་ནས་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་འདི་དུས་ཐུང་ནང་མཚམས་འཇོག་ཐུབ་པ་ཞིག་གཏན་ནས་ཡིན་ས་མ་རེད།

སྤྱི་ཚོགས་ནང་སྤྲུལ་སྐུའི་ལམ་ལུགས་མཚམས་འཇོག་དགོས་པ་དང། ཕན་ཐོགས་མེད་ཚུལ་བརྗོད་མཁན་ཡོད་ཀྱང་དེ་དག་ཕལ་ཆེ་བས་རང་ཉིད་དང་འབྲེལ་ཡོད་སྤྲུལ་སྐུ་རྣམས་ངོས་འཛིན་བདག་སྐྱོང་སྔར་ལས་མང་དུ་གཏོང་གི་ཡོད་པས། ལྟ་ཚུལ་དེ་ནི་ང་དང་འབྲེལ་མེད་ཀྱི་སྤྲུལ་སྐུ་རྣམས་མི་དགོས་ཞེས་པ་ཙམ་དུ་གྱུར་འདུག ད་དུང་བླ་ཆེན་གྱི་མིང་ཡོད་མཁན་རེ་ཟུང་གིས་༧གོང་ས་མཆོག་གིས་ངོས་འཛིན་མཛད་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་འོས་སྤྲུལ་གྱི་ནང་དུ་འཇོག་དགོས་པ་དང། རྒྱ་ནག་གཞུང་གིས་བསྐོ་གཞག་བྱས་པའི་རྒྱལ་མཚན་ནོར་བུ་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོ་མར་ངོས་འཛིན་བྱེད་དགོས་པ། དེ་ཡང་༧གོང་ས་མཆོག་གི་དགོངས་གཞི་ཡིན་ཚུལ་སོགས་ཡིག་ཐོག་ནས་བརྗོད་འདུག་ཀྱང། དོན་དུ་གསུངས་སྟངས་འདིས་བོད་ཀྱི་སྤྲུལ་སྐུ་ཞེས་པ་ཆབ་སྲིད་ཀྱི་ལག་ཆ་ཙམ་ལས། བྱིན་རླབས་དང་ནུས་པ་ཡོད་པ་ཞིག་ཏུ་ངོས་འཛིན་གཏན་ནས་གནང་མེད་པ་མ་ཟད། བོད་པས་དུས་རྒྱུན་ལྕེ་རྩེར་ཐོགས་པའི་ལས་རྒྱུ་འབྲས་དང་ཡ་རབས་བཟང་སྤྱོད་ཀྱི་ས་མཚམས་ལས་ཀྱང་བརྒལ་འདུག

གཞན་ཡང་ཉེ་ཆར་སྲིད་སྐྱོང་སྤེན་པ་ཚེ་རིང་ཨ་རུ་ན་ཅལ་མངའ་སྡེར་ཕེབས་སྐབས་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་མོན་ཡུལ་དུ་འཁྲུངས་སྲིད་པ་དང། ལ་དྭགས་སུའང་འཁྲུངས་སྲིད་པ། དེ་ནི་ཡུལ་གྲུ་དེ་དག་ཏུ་བླ་སློབ་ཀྱི་དམ་ཚིག་གཙང་མ་ཡིན་པ་སོགས་རྒྱུ་མཚན་དུ་བགྲངས་ནས་གསུངས་འདུག་ཀྱང། དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་པ་དགའ་པོ་ཉེ་པོ་འབྲེལ་ཡོད་རྐྱང་པ་བཙལ་ནས་འཁྲུངས་པའི་ལོ་རྒྱུས་མེད་ལ། བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་རྣམས་ཀྱང་༧གོང་ས་མཆོག་ལ་དད་པ་དམ་ཚིག་དང་ལས་དང་སྨོན་ལམ་གྱི་འབྲེལ་བ་བཟང་པོ་ཡོད་པ་ནི། གཞན་དང་བསྡུར་ཐབས་གཏན་ནས་མེད་པས་རྒྱུ་མཚན་དེ་ཚད་ལྡན་ཞིག་མིན་པ་མ་ཟད། སྲིད་སྐྱོང་གིས་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་སྐོར་བོད་རྒྱའི་འབྲེལ་ལམ་དང་སྦྱར་ནས་གསུངས་ཡོད་པ་དང། ད་ལྟ་ཡང་ས་གནས་ཁག་ཏུ་ལྟ་སྟངས་དང་རྣམ་འགྱུར་ཡག་པོ་ཡོང་ཆེད་ཡང་སྲིད་ཀྱི་སྐོར་འདི་ཡང་ཡང་བེད་སྤྱོད་གནང་བ་ནི་འོས་འཚམས་ཤིག་གཏན་ནས་མ་རེད།

མདོར་ན་༧གོང་ས་མཆོག་གི་ཡང་སྲིད་སྐོར་ལ་ཆོས་མེད་རྒྱ་དམར་གཞུང་གིས་ཐེ་བྱུས་བྱེད་བཞིན་པར་དགག་པ་ཚ་ནན་རྒྱག་དགོས་པ་ལས། ཡང་སྲིད་ས་གནས་གང་དུ་འཁྲུངས་མིན་ནི་ཆབ་སྲིད་མི་སྣ་ཞིག་གིས་ཤེས་ཐུབ་པ་ཞིག་དང་བཤད་ཆོག་ཆོག་ཅིག་མ་རེད་ལ། ༧གོང་ས་མཆོག་གང་ཉིད་དང་ས་ལ་གནས་པའི་སེམས་དཔའ་ཆེན་པོ་དག་གི་སྤྱོད་ཡུལ་འབའ་ཞིག་ལས། ཆབ་སྲིད་པས་ལག་རྩེད་རྩེ་ཡུལ་ཞིག་གཏན་ནས་མིན། རྒྱ་གཞུང་གིས་ཡང་སྲིད་སྐོར་ཐེ་གཏོགས་བྱས་པར་ཕྱིའི་རྒྱལ་ཁབ་ཁག་གིས་བོད་པའི་མངོན་འདོད་ལ་རྒྱབ་སྐྱོར་བྱས་ན་དགའ་བསུ་ཞུ་འོས་ཀྱང། ཉེ་ཆར་སུད་སི་ཇི་ནི་ཝར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང། ཇི་ནི་ཝ་ཨ་རིའི་གཞུང་ཚབ་ཆེན་མོ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན། སུད་སི་སྐུ་ཚབ་དོན་གཅོད་སོགས་མཉམ་ཞུགས་ཀྱིས་ཡང་སྲིད་དང་འབྲེལ་བའི་གནད་དོན་སྐོར་ཚོགས་འདུ་གལ་ཆེན་ཞིག་གོ་སྒྲིག་བྱེད་བཞིན་པ་གོ་སོང་ཡང། སྐབས་དེ་ཙམ་ལ་བཀའ་ཤག་གིས་གློ་བུར་དུ་ཡང་སྲིད་དང་འབྲེལ་བའི་སྐོར་གྱི་བསྒྲགས་གཏམ་ཞིག་སྤེལ་སོང་བས། ཇི་ནི་ཝར་འཚོགས་པའི་ཚོགས་འདུ་དེའི་སྐོར་གྲག་འགུལ་གང་ཡང་མེད་པ་ལྟ་བུར་གྱུར་སོང་བ་མིན་ནམ་སྙམ།།

Share this:

Leave a Reply