ཡང་སྲིད་དང་བོད་དོན་ཆབ་སྲིད།

ཆེད་བརྗོད།

བོད་དོན་འཐབ་རྩོད་ཀྱི་གནས་བབས་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ནི། གལ་གནད་ཆེ་ཤོས་གྲས་དང་མ་འོངས་པའི་ཁ་ཕྱོགས་ཀྱི་ཐོག་ནས་ཀྱང་བསམ་བློ་གཏོང་དགོས་ངེས་ཤིག་ཏུ་གྱུར་ཡོད། དེ་ནི་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཐོག་ནས་བཤད་པ་ཙམ་མ་ཡིན་པར། རྒྱལ་དབང་ལྔ་པ་ཆེན་པོ་ནས་བཟུང་མི་ལོ་བཞི་བརྒྱ་ལ་ཉེ་བའི་སྐུ་ཕྲེང་ན་རིམ་ནི་ཆོས་ཕྱོགས་ཁོ་ན་ཙམ་མ་ཡིན་པར་བོད་རྒྱལ་ཁབ་ཀྱི་དབུ་འཁྲིད་ཡིན་པ་དང་། ལྷག་པར་དུ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། བོད་རྒྱལ་བསྟན་ཆབ་སྲིད་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་སུ་ཐུགས་སྟོབས་ཀྱི་གོ་ཆ་བཙན་པོ་ཕྲག་ཏུ་བཞེས་ནས་ད་ལྟའི་ཆར་བོད་དོན་གསོན་པོར་གནས་ཐུབ་པ་བྱུང་ཡོད། གཞིས་བྱེས་བོད་མི་ཡོངས་རྫོགས་གཅིག་གྱུར་གྱི་གནས་བབས་ཤིག་ཡོད་པ་འདི་ཡང་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་ཞིང་། མ་འོངས་པར་ཡང་༧གོང་ས་མཆོག་གི་ཐུགས་རྗེ་དང་གཟི་བྱིན་གྱིས་བོད་དོན་འཐབ་རྩོད་རྒྱུན་རིང་གནས་ཐུབ་ངེས་རེད།

༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་གནས་སྐབས་ཆབ་སྲིད་ཀྱི་ཁེ་སྤོག་ཙམ་དང་བརྗེ་མི་རུང་བ་དང་། རྒྱ་དམར་གཞུང་གི་གཡོ་འཕྲུལ་གྱི་ཐབས་ལམ་དང་གནས་སྐབས་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འགྱུར་བ་གཏོང་ཆོག་ཆོག་ཅིག་གཏན་ནས་མིན། ཉེ་ཆར་༧གོང་ས་མཆོག་གི་སྐུ་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་ཡོང་ཆེད། ༧གོང་ས་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུ་རྒྱུའི་འཆར་གཞི་ཡོད་ཚུལ་གྱི་གསར་འགྱུར་ཞིག་ཐོན་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་གླེང་ཕྱོགས་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད། དོན་དངོས་སུ་༧གོང་ས་མཆོག་གི་ཡང་སྲིད་ནི་བོད་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ཙམ་དུ་མ་ཟད། རྒྱ་དམར་གཞུང་གི་གཡོ་འཕྲུལ་གྱི་རྣམ་འགྱུར་ཡག་སྡུག་ཅི་འདྲ་ཞིག་བསྟན་ཡང་། ལས་སླ་པོའི་ཐོག་ནས་མི་གཅིག་གིས་ཐག་གཅོད་བྱེད་ཆོག་པ་ཞིག་གཏན་ནས་མིན་ལ། གནད་དོན་འདི་ལྟ་བུའི་ཐོག་ལ་སྐད་ཆ་ཡོང་སྐབས་རྒྱ་ཆེའི་མི་མང་གི་ངོས་ནས་ཀྱང་དོ་སྣང་ངེས་པར་དུ་གནང་དགོས་པ་ཞིག་རེད།

ཕྱི་ལོ་༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་གཏན་ཁེལ་ཡོད་ཅིང་། ད་ལྟའི་ཆར་གནད་དོན་དེའི་ཐོག་ལ་རྒྱལ་སྤྱིའི་གཞུང་སྒེར་གྱི་ཚོགས་སྡེ་མང་པོ་ཞིག་གིས་རྩེད་འགྲན་དེ་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བཞིན་འདུག རྒྱ་གཞུང་གི་ངོས་ནས་ཀྱང་གནད་དོན་འདི་ལམ་ལྷོང་ཡོང་ཆེད་འབད་བརྩོན་སྣ་ཚོགས་བྱེད་བཞིན་པ་དང་། དེའི་ཆ་ཤས་སུ་བོད་མིའི་སྒྲིག་འཛུགས་ལ་མགོ་སྐོར་གཏོང་ཆེད་ཕྱི་ནང་གསང་གསུམ་ནས་ཐབས་ཤེས་སྣ་ཚོགས་བྱེད་ངེས་རེད། གནད་དོན་འདིའི་ཐོག་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་ཉམས་མྱོང་ཆེན་པོ་ཡོད་དགོས་པ་ཞིག་ཡིན་ཞིང་། ཕྱི་ལོ་༢༠༠༡ ལོར་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་རུ་༢༠༠༨ ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་རྒྱུའི་ཐག་གཅོད་བྱེད་སྐབས། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་ངོ་རྒོལ་བྱེད་འགོ་བརྩམས་པར་བརྟེན། ཕྱི་ལོ་༢༠༠༢ ལོ་ནས་འགོ་འཛུགས་ཀྱིས་བོད་རྒྱའི་འབྲེལ་བ་སླར་གསོ་བྱས་པ་ལྟ་བུའི་འཁྲབ་སྟོན་རྫུན་མ་ཞིག་འགོ་འཛུགས་བྱས་པ་རེད།

དུས་དེ་ནས་བཟུང་ཕྱི་ལོ་༢༠༠༨ བར་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་གཉིས་ལོ་བསྟར་ཆགས་རྒྱ་ནག་ཏུ་གདན་འདྲེན་ཞུས་ཡོད་པ་དང་། འབྲེལ་མོལ་གྱི་རྣམ་པ་ཡིན་ལ་མིན་ལ་སྣ་ཚོགས་ཤིག་བསྟན་ནས་བཙན་བྱོལ་བོད་གཞུང་མགོ་སྐོར་བཏང་ཡོད། གནད་དོན་དེའི་ཐོག་ནས་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ལམ་ལྷོང་ཡོང་རྒྱུར་ཕན་ཐོགས་བྱུང་ཡོད་ཀྱང་། བོད་རྒྱའི་གནད་དོན་ཐག་གཅོད་ཡོང་བར་ཕན་ཐོགས་གང་ཡང་བྱུང་མེད། བོད་རྒྱ་ཞི་མོལ་ཡོང་རྒྱུའི་རེ་བ་ཆེན་པོ་ཞིག་བཟུང་ནས་མི་མང་ཁྲོད་རྒྱ་གཞུང་ལ་ངོ་རྒོལ་བྱེད་མི་ཆོག་པ་དང་། རྒྱ་མི་རིགས་ལ་རེ་བ་ཆེན་པོ་ཡོད་པས་འབྲེལ་བ་འཛིན་དགོས་པ་སོགས་ཀྱི་ཁྱབ་བསྒྲགས་དང་སློབ་གསོ་མང་པོ་བརྒྱབ་ནས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྒྱ་ནག་ལ་ལྟ་སྟངས་རྦད་དེ་འགྱུར་བ་ཆེན་པོ་སོང་ཡོད། ད་ལྟའི་ཆར་བཙན་བྱོལ་བོད་མི་ནང་ཁུལ་དུ་ཁ་གཏད་གཅོག་པ་ཁོ་ན་ལས་ཡིད་ཆེས་གཏན་ནས་མི་བྱེད་མཁན་དག་གི་ནང་དུའང་། རྒྱ་གཞུང་དང་རྒྱ་མི་རིགས་ལ་དབུ་མའི་ལམ་བརྒྱུད་ནས་གྲོས་མོལ་ཡོང་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་མཁན་ཡོད།

མདོར་ན་༢༠༠༨ ལོའི་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ལ་བརྟེན་ནས་བོད་པ་མགོ་སྐོར་ཆེན་པོ་ཞིག་ཐེབས་ཡོད་པ་མ་ཟད། རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་ཀྱང་ཁ་གསབ་ཐབས་མེད་པའི་གྱོང་གུད་ཆེན་པོ་ཞིག་ཕོག་པ་བཞིན། ཕྱི་ལོ་༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་བརྟེན་ནས་སླར་ཡང་བོད་མིའི་སྒྲིག་འཛུགས་ལ་མགོ་སྐོར་ཞིག་གཏོང་སྲིད་པ་དང་། མགོ་སྐོར་དེའི་ནང་བསམ་བཞིན་དུ་འཛུལ་ངེས་པའི་རྣམ་འགྱུར་ཞིག་ཀྱང་མཐོང་རྒྱུ་ཡོད། སྤྱིར་བོད་དོན་འཐབ་རྩོད་བྱེད་ཡུལ་གཙོ་བོ་རྒྱ་གཞུང་ཡིན་པས། རྒྱ་ནག་གཞུང་ལ་མེས་ཚིག་མེར་གཏུག་གིས་འབྲེལ་བ་བྱ་རྒྱུ་དེ་གལ་ཆེ་ནའང་། ཁོང་ཚོ་ལ་དགོས་པའི་ཆ་རྐྱེན་མང་པོ་ཞིག་ཁས་ལེན་སྔ་མི་རུང་བ་དང་། ང་ཚོའི་དགོས་མཁོ་ཁག་མང་པོ་ཞིག་ཀྱང་གང་མགྱོགས་གློད་མི་རུང་བ་ནི་གལ་ཆེན་པོ་རེད། གལ་སྲིད་འབྲེལ་བ་ཞིག་ཡོང་སྲིད་པའི་དབང་དུ་བཏང་ཡང་ཕྱི་ལོ་༢༠༢༢ ལོ་རྫོགས་རྗེས་སླར་ཡང་མཚམས་འཆད་ངེས་ཡིན་པ་ཚོད་དཔག་བྱེད་ཐུབ་པས། རྩ་དོན་འཐབ་རྩོད་ལ་ཐུག་དུས་ཁྱི་ལྟོགས་དང་གློ་བ་འཕྲད་པ་བཞིན་བྱ་མི་རུང་བ་འདི་ཧ་ཅང་གལ་ཆེན་པོ་རེད།།