ཡིག་འབྲུ་ཁྲི་བདུན་ཞེས་པ་བརྗོད་བྱ་དོན་གྱི་ཆ་ནས་བོད་འབངས་སྡུག་ལས་སྐྱོབ་པའི་འབོད་སྒྲ་ཞེས་རྗོད་ཀྱི་ཡོད་པར་བརྗོད་སོང་།

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༣༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་གཏམ་བཤད་ལས་རིམ་ཐོག དེ་རིང་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་རྗེས་ལས་ཡིག་འབྲུ་ཁྲི་བདུན་དང་འབྲེལ་བའི་སྐོར་གཏམ་བཤད་གནང་སོང་།

ཟླ་འདིའི་ཚེས་༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣།༠༠ ཐོག་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པ་ནས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༦ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩིའི་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་འདུག་ལ།

སྐབས་དེར་གཏམ་བཤད་གནང་མཁན་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྗེས་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་འགྱུར་བའི་གནད་དོན་སྐོར་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཞིང་།

དེ་ཡང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དང་འབྲེལ། ཁོང་གིས་དགོངས་འཆར་སྙན་ཞུ་དེ་རྒྱ་ཡིག་ཏུ་བསྒྱུར་རྗེས་ཡིག་འབྲུ་ཁྲི་བདུན་ཆགས་པས་མི་རྣམས་ཀྱིས་རྗོད་བྱེད་ཚིག་གི་ཆ་ནས་ཡིག་འབྲུ་ཁྲི་བདུན་ཞེས་དང་། བརྗོད་བྱ་དོན་གྱི་ཆ་ནས་བོད་འབངས་སྡུག་ལས་སྐྱོབ་པའི་འབོད་སྒྲ་ཞེས་རྗོད་ཀྱི་ཡོད་པ། སྙན་ཞུའི་འགོ་བརྗོད་དུ། བོད་དང་བོད་རིགས་ས་ཁུལ་གཞན་གྱི་མང་ཚོགས་ཀྱི་སྡུག་བསྔལ་དང་ཕྱིན་ཆད་ལས་ཀའི་བསམ་འཆར་ཞེས་བྲིས་གནང་ཡོད་པ་མ་ཟད། སྙན་ཞུའི་མཇུག་བྱང་དུ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད་ཅེས་བཀོད་ཡོད་གསུངས་སོང་།

དེ་བཞིན་ཁོང་གིས་ཡིག་འབྲུ་ཁྲི་བདུན་གྱི་ནང་དོན་གཙོ་བོ་ནི། རྒྱ་ནག་གུང་ཁྲན་ཏང་གིས་ཆོལ་གསུམ་བོད་ཀྱི་ཁྱོན་དུ། དམངས་གཙོ་བཅོས་སྒྱུར་དང་ངོ་ལོག་ཟིང་འཁྲུག་ཞོད་འཇགས། ཞེས་གཞུང་སྒེར་ཆོས་གསུམ་གྱི་རྒྱུ་དངོས་ཡོད་ཚད་རྒྱ་ནག་ཏུ་དབོར་ཞིང་། བོད་མི་རྣམས་སྡུག་ཤི། ལྟོགས་ཤི། བཙོན་འཇུག རྡུང་རྡེག འཛིན་བཟུང་། བྲན་བཀོལ་བྱས་པའི་སྡིག་ཉེས་ལ་དགག་རྒྱག་ཐེར་འདོན་གནང་ནས། སླད་ཕྱིན་སྲིད་ཇུས་ཡོ་བསྲང་བྱས་ཏེ་བོད་མི་མང་ལ་བདེ་སྐྱིད་ཀྱི་ཁ་ཐེག་ཡོང་བ་བྱེད་དགོས་པའི་ཐ་ཚིག་བསྒྲགས་པ་ཞིག་ཡིན་ཞེས་དང་།

༧པཎ་ཆེན་སྐུ་ཕྲེང་བཅུ་པ་བཙོན་འཇུག་བྱེད་དོན་དང་འབྲེལ། ཁོང་གིས། ཁྱེད་ཀྱིས་ཏཱ་ལའི་ལོག་སྤྱོད་དགྲ་བོར་བསྟོད་བསྔགས་བཏང་བ་དེ་གང་མི་ཚད་ཡིན། ཞེས་༧རྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་བཏབ་པ་ནག་ཉེས་སུ་བགྲངས་བྱུང་ཞེས་དང་། གཞན་ཡང་། ཁྱེད་ལ་བླ་བྲང་རྒྱལ་མཚན་མཐོན་པའི་ཐོབ་ཐང་མ་གཏོགས། བོད་ཡུལ་གཞན་གྱི་འགན་ཁུར་ཇུས་གཏོགས་མེད་ཀྱང་། ཡིག་འབྲུ་ཁྲི་བདུན་གྱི་ནང་ཁྱེད་ཀྱིས་བོད་ས་སྟོད་སྨད་བར་གསུམ་གྱི་གནས་ཚུལ་ལ་ཇུས་མེད་ཇུས་གཏོགས་བྱས་ཏེ། ཁམས་ཨ་མདོ་བཅས་པའི་ལོ་རྒྱུས་བགྲངས་ཏེ་སྙན་ཞུ་འབུལ་རྒྱུ་དེ། ཁྱེད་ཀྱིས་ཁྱེད་རང་ལ་ཐོབ་ཐང་མེད་པའི་ལས་ཀ་མ་འོས་པ་བྱས་པ་རེད་ཅེས་རྒྱུ་མཚན་དེ་གཉིས་བགྲངས་ནས་བཙོན་འཇུག་བྱས་བྱུང་ཞེས་ཕྱི་ལོ་༡༩༧༩ ལོར་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་རྣམས་ལ་གསུངས་འདུག་ཅེས་བརྗོད་སོང་།ཞེས་དང་།

༧རིན་པོ་ཆེ་མཆོག་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ཐེངས་༢༠ སྟེང་། ང་ཚོ་ནི་ལས་ལ་བརྩོན་ཞིང་དཔའ་སེམས་ཆེ་བ་དང་། བློ་གྲོས་ལྡན་པའི་མི་རིགས་ཤིག་ཡིན། གུང་ཁྲན་ཏང་གིས་བོད་མི་རིགས་ལ་བ་ཕྱུགས་ཀྱི་འདུ་ཤེས་འཛིན་ཏེ། དང་པོ་འོ་མ་བཞོས། དེ་ནས་སྤུ་བཏོག བསད། པགས་པ་བཤུས། ཤ་ཟོས། རུས་ཁོག་ཚོང་རྒྱུའི་བསམ་བློ་གཏོང་གི། དེ་འདྲ་ཡོང་གི་མ་རེད། ང་ཚོར་སྣང་མེད་མཐོང་ཆུང་བྱེད་མི་ཆོག བོད་རྒན་བོད་རྒན་མ་ཤོད་ཅེས་རྣོ་དྲག་ལྡན་པའི་དགག་རྒྱག་དང་སྐྱོན་བརྗོད་གནང་ཡོད་པ་སོགས་ཀྱི་གསུང་བཤད་གནང་སོང་།

སྤྱིར་དེ་རིང་ནི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༣༠ ཧྲིལ་པོ་འཁོར་བའི་དུས་དྲན་དང་། སྐུའི་འཁྲུངས་སྐར་གྱི་ཉིན་མོ་སྲུང་བརྩི་ཡི་དུས་ཤིག་ཆགས་ཀྱི་ཡོད་པ་དང་། གཏམ་བཤད་ཀྱི་བརྗོད་གཞི་ལ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྗེས་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་འགྱུར་བའི་གནད་དོན་སྐོར་ཞེས་བཀོད་འདུག་ཀྱང་། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་འབྲེལ་བའི་སྐོར་གང་ཡང་བྱུང་མ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།