ཡིད་ཆེས་ཀྱི་རྩ་བ་ཤེས་རྟོགས་ཡིན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༧༣ ཕྱི་ལོ་ ༢༠༡༥/༡༢/༡༦
བོད་པའི་སྤྱི་ཚོགས་དེ་ཉིད་རྒྱ་དམར་དྲག་པོའི་གཞུང་གི་བཙན་འཛུལ་ལ་བརྟེན་ནས་གཞིས་བྱེས་གཉིས་སུ་གྱེས་དགོས་བྱུང་ཡོད་ལ། གཞིས་བཞུགས་བོད་མི་རྣམས་དམ་དྲག་དང་སུན་གཙེར་འབའ་ཞིག་གི་འོག་ཏུ་འཚོ་སྡོད་བྱེད་བཞིན་ཡོད། བཙན་བྱོལ་བོད་མི་རྣམས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང། བཙན་བྱོལ་བོད་གཞུང་གི་སྣེ་ཁྲིད་འོག་ད་བར་མི་ལོ་ལྔ་བཅུ་ལྷག་རིང་བོད་དོན་འཐབ་རྩོད་ཀྱི་ཐོག་ལའང། རང་ནུས་གང་ཡོད་ཀྱིས་ཤུགས་བརྒྱབ་ཡོད་པ་དང། བོད་མི་རིགས་ཀྱི་ངོ་བོ་རིག་གནས་སྲུང་སྐྱོབ་ཀྱི་ཐོག་ལའང་འབད་བརྩོན་གང་ཐུབ་བྱས་ཡོད། རྩ་དོན་འཐབ་རྩོད་དང། རིག་གནས་སྲུང་སྐྱོབ་ཀྱི་གནད་དོན་དེ་གཉིས་ཀའི་ཐོག་ནས་འདོད་པ་ཡོངས་སུ་ཁེངས་ཐུབ་པ་ཞིག་བྱུང་མེད་ནའང། གཞན་ཡུལ་དུ་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ན་འདི་ལས་ལྷག་ཅིག་ཡོང་ཐབས་མེད་པ་དེ་ཡང་དངོས་ཡོད་གནས་ཚུལ་ཡིན་པས། ལྟོས་ས་ལྟོས་འཇོག་གི་ཆ་ནས་བཤད་ན་གྲུབ་འབྲས་ཧ་ཅང་ཡག་པོ་ཐོན་ཡོད་ཅེས་བརྗོད་ཆོག

ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་འདིར་འཕྲད་བཞིན་པ་དང། མ་འོངས་པར་ཡང་མུ་མཐུད་འཕྲད་ངེས་པའི་ཉེན་ཁ་ཆེན་པོ་ཞིག་ཡོད་པ་ནི། བཙན་བྱོལ་བོད་མི་རྣམས་རང་འགོ་གང་ཐོན་བྱས་ནས་འགྲོ་རྒྱུའི་བསམ་བློ་གཏོང་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པ་དང། སྤྱི་ཚོགས་ཧྲིལ་པོ་བསམ་བློའི་ཆ་ནས་ཁ་འཐོར་དུ་འགྲོ་བཞིན་པ་འདི་གཉིས་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད། གནད་དོན་འདི་གཉིས་ཀའི་ནང་ནས་ཀྱང་ཕྱི་མ་ཅུང་ཉེན་ཁ་ཆེ་ལ། ཕྱོགས་གཅིག་ནས་ཕྱོགས་གཞན་པ་དེའི་བསམ་ཚུལ་ལ་དོ་སྣང་དང་ཉན་འཇོག་སྤུ་རྩེ་ཙམ་མེད་པར་རྡོག་རྫིས་གཏོང་རྐྱང་བྱས་ཡོང་དུས། རང་བཞིན་གྱིས་བསམ་བློའི་བར་ཁྱད་རིང་ནས་རིང་དུ་འགྲོ་བ་ལས་མེད། གཙོ་ཆེ་ཤོས་མགོ་ཁྲིད་མཁན་དག་གི་བསམ་བློའི་ནང་གཅིག་སྒྲིལ་དགོས་པའི་དམིགས་ཡུལ་དེ་གཏན་ནས་མེད་ཚར་བའི་རྗེས་སུ་གཅིག་སྒྲིལ་གྱི་ཁ་གཡང་ཉིན་རེ་བཞིན་ཚར་འབུམ་ཕྲག་རེ་བགྲང་པའི་དབང་དུ་བཏང་ཡང། སྤྱི་ཚོགས་ཧྲིལ་པོ་ལ་གཅིག་སྒྲིལ་ཡོང་མི་སྲིད་པ་རེད།

བཙན་བྱོལ་ནང་གི་གནས་ཚུལ་མང་པོ་ཞིག་བོད་ནང་ནས་ཤེས་མི་རུང་བ་དང། ཕན་ཚུན་སྐྱོན་བརྗོད་མང་པོ་བྱས་པ་དེ་དག་ཀྱང་བོད་ནང་ནས་མཐོང་ཐོས་བྱུང་ན་རྩ་དོན་འཐབ་རྩོད་ལ་སེམས་ཤུགས་ཆགས་གཞིར་འགྱུར་ངེས་ཚུལ་བརྗོད་མཁན་མང་པོ་ཡོད་ལ། བསམ་ཚུལ་དེ་ལ་རྒྱུ་མཚན་ཡོད་པ་ལྟ་བུར་ངོས་འཛིན་བྱེད་མཁན་ཡང་མང་པོ་ཡོད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་ནང། རྩོད་རྙོག་དང་འབྲེལ་བའི་བརྗོད་གཞིའི་རིགས་མང་དག་ཅིག་བཞུགས་མོལ་ཚོགས་འདུ་ཁོ་ནའི་ནང་གྲོས་བསྡུར་བྱས་པ་ལས། གྲོས་ཚོགས་ཀྱི་ར་བའི་ནང་ཁུར་བ་ཧ་ཅང་དཀོན་པོ་ཆགས་ཡོད། དེ་ཡང་རྒྱུ་མཚན་གོང་དང་གཅིག་མཚུངས་ལྟར་གྲོས་ཚོགས་ནང་གི་རྩོད་རྙོག་ལ་བརྟེན་ནས་རྒྱ་ཆེའི་མི་མང་སེམས་ཤུགས་ཆགས་གཞིར་འགྱུར་སྲིད་པའི་དོགས་པ་ཁོ་ན་ལས་རྒྱུ་མཚན་གཞན་མེད། གལ་སྲིད་གསང་བའི་གནད་དོན་ཞིག་ཡིན་ནའང། བཞུགས་མོལ་ཚོགས་འདུའི་ནང་གི་སྐད་ཆ་དེ་ཚོ་ལ་སྒྲོ་མང་པོ་བཏགས་ནས་གང་ལས་མང་བ་ལྟ་བུ་ཁྱབ་འགྲོ་གི་འདུག

དེ་ལས་གྲོས་ཚོགས་ནང་བརྗོད་གཞི་ག་རེ་ཡོད་ཀྱང་ཕྱི་གསལ་ནང་གསལ་གྱི་ཐོག་ནས་རྒྱ་ཆེའི་མི་མང་གིས་གོ་ཐུབ་ན་ཕུགས་ལ་ཕན་ཐོགས་ཆེ་ངེས་རེད། གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཐོག་ནས་བཤད་ཀྱང། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དག་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་ཆ་ཚང་རྟོགས་པའི་ཐོག་ནས་སྲིད་བྱུས་འཛིན་དགོས་པ་དང། གཞིས་བཞུགས་རྒྱ་ཆེའི་མི་མང་གི་ངོས་ནས་ཀྱང་བཙན་བྱོལ་ནང་གི་སྤྱི་ཚོགས་ཀྱི་གནས་སྟངས་དང། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ། འཆར་གཞི་སོགས་ཆ་ཚང་ཤེས་པའི་ཐོག་ནས་བློ་གཏད་དང་ཡིད་བྱེད་ཐུབ་པ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེ་བ་ལས། རྫིག་མདོག་དང། འཇོན་མདོག ཡག་མདོག་འབའ་ཞིག་བཤད་པ་ལས། ངན་ཕྱོགས་ཀྱི་སྐད་ཆ་ཤེས་རྟོགས་མི་འབྱུང་ཐབས་ཁོ་ན་ལ་བརྟེན་ནས་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཡིད་ཆེས་སླེབས་ཐུབ་པ་ཞིག་བྱེད་དགོས་པའི་རེ་བ་བརྒྱབ་ན། དེ་ནི་ཕྱོགས་གཞན་ཞིག་ནས་བཤད་ན་གཡོ་རྫུས་དང་མགོ་སྐོར་བཏང་བ་ཞིག་ཏུ་འགྱུར་སྲིད་པ་རེད།

མདོར་བསྡུས་ན་གཞིས་བྱེས་དབར་གཅིག་གིས་གཅིག་ལ་ཡིད་ཆེས་དང་གཅིག་གིས་གཅིག་ལ་རེ་བ་བཅོལ་བའི་ཐོག་ནས་བོད་དེ་འགྱེལ་ས་ནས་ལངས་ཐུབ་དགོས་པ་ཧ་ཅང་གལ་ཆེ་ཡང། གཞིས་བྱེས་གཉིས་དབར་གྱི་ཡིད་ཆེས་དང་རེ་བཅོལ་དེ་ཉིད་ཕན་ཚུན་གནས་སྟངས་ཆ་ཚང་ཤེས་པའི་ཐོག་ནས་བྱེད་དགོས་པ་ལས། དངོས་ཡོད་གནས་ཚུལ་མ་ཤེས་པའི་ཐོག་ནས་གནས་སྐབས་མིག་བཙུམས་ནས་ཡིད་ཆེས་བྱས་པའི་དབང་དུ་བཏང་ཡང། ནམ་ཞིག་དངོས་ཡོད་གནས་ཚུལ་ཤེས་པའི་སྐབས་སུ་དེ་དང་མི་འདྲ་བའི་བསམ་ཚུལ་ཡང་ཡོང་སྲིད་པ་རེད། དེ་ཡིན་དུས་ཕན་ཚུན་ཡིད་ཆེས་ཀྱི་གཞི་རྩ་ཤེས་རྟོགས་ཁོ་ན་ཡིན་པ་གནད་དོན་གྱི་གཙོ་བོར་འཛིན་དགོས་པ་ལས། གནས་ཚུལ་མང་པོ་ཞིག་སྦས་ཐབས་དང་འགེབས་ཐབས་བྱེད་པ་དང། ད་དུང་ཕྱོགས་གཅིག་ནས་གནས་ཚུལ་མི་སྙན་པ་ཐོས་ནས་གཞིས་བཞུགས་རྒྱ་ཆེའི་མི་མང་སེམས་ཤུགས་ཆག་ཆོག་ཆོག་ཏུ་ངོས་འཛིན་བྱས་པ་དེ་ཡང། དོན་ལ་གནས་མེད་པ་གསལ་པོ་རྟོགས་དགོས་པ་ཧ་ཅང་གལ་ཆེ་སྙམ།།