ཡུ་ཀེ་རེན་གྱི་རྡུལ་ཕྲན་གློག་ཁང་དུ་འབར་གས་གྱིས་གཏོར་རྒོལ་བཏང་འདུག

ཟླ་འདིའི་ཚེས་ ༢༠ ཉིན་ཨུ་རུ་སུའི་དབང་སྒྱུར་འོག་ཏུ་ཡོད་པའི་ཡུ་ཀེ་རེན་གྱི་ལྷོ་ཤར་ས་ཁུལ་གྱི་གྲོང་ཁྱེར་ཛ་ཕཱོ་རི་ཤ་ (zaporizhzhia) ནང་དུ་རྟེན་གཞི་བྱེད་པའི་རྡུལ་ཕྲན་གློག་ཁང་དུ་འབར་གས་ཀྱིས་གཏོར་རྒོལ་ཤུགས་ཆེན་བྱུང་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་། ཟླ་འདིའི་ཚེས་ ༢༠ རེས་གཟའ་ཉི་མའི་ཉིན་ཨུ་རུ་སུའི་དབང་སྒྱུར་འོག་ཏུ་ཡོད་པའི་ཡུ་ཀེ་རེན་ལྷོ་ཤར་ས་ཁུལ་གྱི་གྲོང་ཁྱེར་ཛ་ཕཱོ་རི་ཤ་ནང་དུ་རྟེན་གཞི་བྱེད་པའི་རྡུལ་ཕྲན་གློག་ཁང་དུ་འབར་གས་ཀྱིས་གཏོར་རྒོལ་བྱུང་ཡོད་པར་བརྟེན། དོན་རྐྱེན་དེ་དང་འབྲེལ་ནས་ཨུ་རུ་སུ་དང་ཡུ་ཀེ་རེན་བར་ཕན་ཚུན་ཁག་དཀྲི་རེས་བྱེད་བཞིན་ཡོད་འདུག

གྲོང་ཁྱེར་ཛ་ཕོ་རི་ཤའི་རྡུལ་ཕྲན་གློག་ཁང་ལ་འབར་གས་གཏོར་རྒོལ་བཏང་ཡོད་པའི་ཐད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ཚན་པ་(International Atomic Energy Agency)ཡིས་ར་སྤྲོད་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱི་ “མེ་རྩེད་”བྱ་རྒྱུ་མཚམས་འཇོག་དགོས་པའི་ཉེན་བརྡ་ཡང་གཏོང་ཡོད་པ་མ་ཟད། དོན་རྐྱེན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ཚན་པའི་འགན་འཛིན་སྐུ་ཞབས་རཱ་ཧྥེ་ཨར་གུར་སཱི་ (Rafael Grossi) ཡིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། “རྡུལ་ཕྲན་གློག་ཁང་ཆེ་གྲས་དེར་འབར་གས་བྱུང་བ་དེ་ནི་གཏན་ནས་དང་ལེན་བྱེད་མི་ཐུབ་པ་ཞིག་རེད། སུས་རྒྱབ་ནས་དོན་རྐྱེན་བཟོ་བཞིན་ཡོད་ཀྱང་འཕྲལ་མར་མཚམས་འཇོག་དགོས་པ་དང་ངས་གོང་དུ་ཐེངས་མང་བཤད་མྱོང་ཡོད། ཁྱེད་ཀྱིས་མེ་དང་མཉམ་དུ་རྩེད་མོ་རྩེ་ཡི་འདུག” ཅེས་གསུངས་ཡོད་འདུག

གཞན་ཡང་ཨུ་རུ་སུའི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བའི་ནང་། “ཡུ་ཀེ་རེན་གྱིས་གྲོང་ཁྱེར་ཛ་ཕཱོ་རི་ཤིའི་རྡུལ་ཕྲན་བཟོ་གྲྭ་དེའི་སྒྲིག་བཀོད་ལ་སྒྱོགས་མདེལ་ ༡༥ འཕངས་ཡོད་པ་མ་ཟད། དེ་རིང་ད་དུང་མེ་སྒྱོགས་འཕེན་བཞིན་འདུག དེ་བཞིན་ས་གནས་དེ་རུ་མེ་སྒྱོགས་གང་ཞིག་གིས་ཀྱང་རྡུལ་ཕྲན་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད” ཅེས་ཨུ་རུ་སུའི་གཞུང་འབྲེལ་ལས་བྱེད་པས་བརྗོད་ཡོད་པ་དང་། འོན་ཀྱང་ཡུ་ཀེ་རེན་ཕྱོགས་ནས་རྡུལ་ཕྲན་བཟོ་གྲྭ་རུ་མེ་སྒྱོགས་འཕེན་མཁན་ནི་ཨུ་རུ་སུ་ཡིན་པའི་སྐྱོན་འཛུགས་བྱས་ཡོད་འདུག

ཡུ་ཀེ་རེན་ལྷོ་ཤར་ས་ཁུལ་གྱི་གྲོང་ཁྱེར་ཛ་ཕཱོ་རི་ཤ་ (zaporizhzhia) ནང་དུ་རྟེན་གཞི་བྱེད་པའི་རྡུལ་ཕྲན་གློག་ཁང་གི་བཟོ་གྲྭ་དེ་ནི་ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་ནས་ཡུན་རིང་མ་སོང་བར་བཙན་བཟུང་བྱས་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ས་ཁུལ་དེར་ཕྱོགས་གཉིས་བར་ཐེངས་མང་མེ་སྒྱོགས་འཕེན་རེས་བྱས་ནས་རྡུལ་ཕྲན་ལས་འཛོལ་ཐོན་ཉེན་བཟོས་བཞིན་ཡོད་པར་ཕན་ཚུན་བར་སྐྱོན་འཛུགས་བྱས་ཡོད་པ་མ་ཟད། རྡུལ་ཕྲན་གློག་ཁང་དེ་ནི་ཡུ་རོབ་ནང་གི་རྡུལ་ཕྲན་གློག་ཁང་ཆེ་ཤོས་དེ་ཡིན་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༤ ཉིན་ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་མ་བྱས་གོང་ཡུ་ཀེ་རེན་རྒྱལ་ཁབ་གྱི་གློག་ཤུགས་ལྔ་ཆ་གཅིག་ཙམ་གློག་ཁང་དེ་ནས་མཁོ་འདོན་བྱས་ཀྱི་ཡོད་འདུག

གཞན་ཡང་ཟླ་འདིའི་ཚེས་ ༡༨ ཉིན་ཡུ་ཀེ་རེན་ནས་ལེ་དབར་༤ ཙམ་ལ་ཡོད་པའི་པོ་ལན་ཌའི་གྲོང་གསེབ་ཞིག་གི་ནང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་སྐབས་སུ་བཟོས་པའི་ (S-300) རྟགས་ཅན་གྱི་འཕུར་མདའ་ཞིག་ལྷུང་ནས་ཡུལ་མི་གཉིས་ལ་སྲོག་སྐྱོན་བྱུང་པར་བརྟེན། ཨ་རི་གཙོས་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་ཁག་གིས་ད་ལྟའི་ཆར་ཕུར་མདའ་དེ་སུས་འཕངས་ཡོད་མེད་ཐད་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། གལ་སྲིད་འཕུར་མདའ་དེ་ཨུ་རུ་སུས་འཕངས་ཡོད་པའི་དཔང་རྟགས་རག་ཚེ་དམག་འཁྲུག་གི་གཞི་རྒྱ་ཆེ་རུ་འགྲོ་སྲིད་པའི་གནས་ཚུལ་མཐོན་བཞིན་འདུག

གསར་འགོད་པ། ཆོས་གྲགས།

Share this:

Leave a Reply