ཡུ་ཁེ་རེན་དང་ཨུ་རུ་སུའི་གྲོས་མོལ་སྐབས་དམག་འཚམས་འཇོག་རྒྱུ་ཐག་གཅོད་ཐུབ་མི་འདུག

ཟླ་འདིའི་ཚེས་ ༢༨ ཉིན་བྷེ་ལ་རུ་སེའི་ས་མཚམས་ཁུལ་དུ་ཡུ་ཁེ་རེན་དང་ཨུ་རུ་སུའི་སྐུ་ཚབ་ཕན་ཚུན་ཐུག་འཕྲད་ཀྱིས་གྲོས་མོལ་ཞིག་འགོ་འཛུགས་ཡོད་པ་དང་། དེ་ནི་ཨུ་རུ་སུའི་དམག་ཡུ་ཁེ་རེན་ལ་བསླེབས་ནས་དམག་འཁྲུག་བྱུང་བའི་ཉིན་ལྔའི་རྗེས་ཏེ། སྐུ་ཚབ་ཐུག་འཕྲད་ཀྱི་གྲོས་མོལ་ཐེངས་དང་པོ་ཆགས་ཡོད་པ་རེད།

དེ་ཡང་ཚེས་༢༤ ཉིན་ཨུ་རུ་སུའི་སྲིད་འཛིན་གྱིས་ཡུ་ཀེ་རེན་དུ་དམིགས་བསལ་དམག་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་པ་དང་། ཕྱོགས་གཉིས་བར་ལ་དམག་འཐབ་བྱས་ནས་ཉིན་གྲངས་༥ རྗེས། ཕྱོགས་གཉིས་ཀྱི་སྐུ་ཚབ་བར་ཆུ་ཚོད་ ༦ ལྷག་རིང་གྲོས་མོལ་བྱས་ཡོད་པ་རེད། གྲོས་ཆོད་གང་བྱུང་བ་རྣམས་འབྲེལ་ཡོད་ལས་ཁུངས་སུ་སྙན་སེང་ཞུ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་དང་། དམག་འཚམས་འཇོག་རྒྱུའི་གྲོས་མཐུན་གང་ཡང་བྱུང་མེད་པའི་གནས་ཚུལ་འདུག

ཐེངས་འདིའི་གྲོས་མོལ་སྐོར་ལ་ཡུ་ཁེ་རེན་སྲིད་འཛིན་གྱི་སློབ་སྟོན་པ་སྐུ་ཞབས་ (Mikhail Podolyak) ཀྱིས་བརྗོད་དོན། ད་རེས་གྲོས་མོལ་གྱི་དམིགས་ཡུལ་གཙོ་བོ་ནི་ཡུ་ཁེ་རེན་ས་ཁུལ་དུ་དམག་འཚམས་འཇོག་ཐབས་དང་ཨུ་རུ་སུའི་དམག་མི་རྣམས་ཡུ་ཁེ་རེན་ནས་ཕྱིར་འཐེན་བྱེད་དགོས་སྐོར་ལ་གྲོས་མོལ་བྱས་ཡོད་སྐོར་དང་། དཀའ་ངལ་དེ་དག་སེལ་ཐབས་སུ་གྲོས་མོལ་ཐེངས་གཉིས་པ་ཡོངས་རྒྱུར་རེ་བ་ཡོད་སྐོར་བརྗོད་འདུག

ཨུ་རུ་སུས་ཡུ་ཁེ་རེན་ལ་དྲག་པོའི་བཙན་འཛུལ་བྱས་པའི་རྗེས། ཨ་རི་དང་ཡུ་རོབ་མཐུན་ཚོགས། དེ་བཞིན་ནེ་ཌོ་(NATO) མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་བསྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། དཔལ་འབྱོར་གྱི་ཉེས་ཆད་བཏང་བའི་རྐྱེན་གྱིས་ད་ལྟ་ཨུ་རུ་སུའི་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་བརྟེན། ཨུ་རུ་སུའི་མི་མང་གིས་པུ་ཌེན་གྱི་བྱ་སྤྱོད་དེར་ངོ་རྒོལ་ལས་འགུལ་སྤེལ་བའི་རྐྱེན་གྱིས་མི་གྲངས་༥༠༠༠ ལྷག་བཀག་ཉར་བྱས་ཡོད་འདུག

དེ་བཞིན་ཐེངས་འདིའི་དམག་འཁྲུག་སྐབས་ཡུ་ཁེ་རེན་གྱིས་ཨུ་རུ་སུའི་དམག་མི་ ༥༣༠༠ བསད་པ་དང་། ཐང་ག་རི་ ༡༩༡། གནམ་གྲུ་ ༢༩། ཐད་འཕུར་གནམ་གྲུ་ ༢༩། དམག་འཁོར་ ༨༡༦ ལྷག་གཏོར་བཤིག་བཏང་ཡོད་ལུགས་ཡུ་ཁེ་རེན་གཞུང་འབྲེལ་གྱི་སྤྱི་ཚོགས་དྲ་རྒྱའི་སྟེང་བཀོད་ཡོད་འདུག

གསར་འགོད་པ། ཆོས་གྲགས།