ཡུ་གུར་བུད་མེད་ལ་བཙན་གཡེམ་གྱི་གནས་ཚུལ་ཐོག་ཨ་རིས་སྐྱོན་བརྗོད་བྱས་འདུག

 རྒྱ་ནག་གཞུང་གིས་ལག་ཤེས་སྦྱོང་བརྡར་ཁང་ཡིན་ཞེས་བརྗོད་བཞིན་པའི་བཀག་ཉར་ཁང་དེ་དག་ནང་དུ། བུད་མེད་རྣམས་ལ་བཙན་གཡེམ་དང་མནར་གཅོད་གཏོང་གི་ཡོད་པའི་གནས་ཚུལ་ཐོན་རྗེས། ཨ་རིས་སྐྱོན་བརྗོད་དྲག་པོ་བྱས་འདུག་ཀྱང་། རྒྱ་ནག་གིས་གནས་ཚུལ་དེ་ནི་རྫུན་མ་ཡིན་སྐོར་བསྒྲགས་འདུག 

ཟླ་༡ པོའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་བྷི་བྷི་སི་ཡིས། དེ་སྔོན་ཡུ་གུར་ས་གནས་ཁག་ཏུ་ཡོད་པའི་བཀག་ཉར་ཁང་དུ་བཙན་གྱིས་སྡོད་དགོས་ཁེལ་བའི་བཙོན་པ་བུད་མེད་གཅིག་དང་། སྒོ་སྲུང་པ་བུད་མེད་གཅིག་ལ། བཀག་ཉར་ཁང་དེ་དག་ནང་གི་གནས་ཚུལ་ཐོག་བཅར་འདྲི་བྱས་པའི་གནས་ཚུལ་སྤེལ་ཡོད་པ་དང་། དེའི་ནང་བཙོན་པ་བུད་མེད་དེས་བཀག་ཉར་ཁང་དེ་དག་ནང་དུ། ཉེན་རྟོག་པའི་སྒྲིག་ཆས་གྱོན་མེད་པའི་སྐྱེས་པ་དེ་འདྲ་བསླེབས་ནས། བཀག་ཉར་འོག་ཡོད་པའི་བུད་མེད་བདམས་ནས་ཁང་མིག་གཞན་ཞིག་ཏུ་འཁྲིད་འགྲོ་ཡི་ཡོད་པ་དང་། མོ་རང་ཡང་ཐེངས་ཁ་ཤས་བཙན་གྱིས་ཁྲིད་ནས་བཙན་གཡེམ་བྱས་པ་མ་ཟད། སྐབས་རེ་སྐྱེས་པ་གཉིས་གསུམ་གྱིས་མཉམ་དུ་བཙན་གཡེམ་བྱས་ཡོད་སྐོར་དང་། སྐབས་རེ་མཚན་མོར་བུད་མེད་ཁ་ཤས་ཁྲིད་འགྲོ་ཡི་ཡོད་པ་དང་རྗེས་སུ་གར་སོང་ཆ་མེད་ཆགས་ཀྱི་ཡོད་སྐོར་བརྗོད་འདུག་ལ། ད་ལྟའི་ཆར་བུད་མེད་དེ་ཨ་རིར་ཡོད་འདུག 

དེ་བཞིན་བཀག་ཉར་ཁང་གི་སྒོ་སྲུང་བུད་མེད་དེས་ཀྱང་། རང་ཉིད་བཀག་ཉར་ཁང་དུ་ལས་ཀ་བྱེད་བཞིན་པའི་སྐབས་སུ། ཁང་མིག་ནང་ཡུ་གུར་བུད་མེད་དེ་དག་ལ་ལག་ལྕགས་རྒྱག་པ་དང་། སྟོད་ནས་ཡར་གྱོན་ཆས་རྣམས་ཕུད་དུ་འཇུག་གི་ཡོད་པ་དང་། དེའི་རྗེས་སུ་ཁང་མིག་དེའི་ནང་སྐྱེས་པ་ཁག་ཅིག་སླེབས་ཀྱི་ཡོད་པ་དང་མོ་རང་ཕྱི་རུ་བསྒུག་ནས་སྡོད་དགོས་ཀྱི་ཡོད་སྐོར་བརྗོད་འདུག 

དེ་བཞིན་གནས་ཚུལ་དེའི་ནང་བུད་མེད་རྣམས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་གི་ཡོད་པའི་གནས་ཚུལ་འདུག་པ་དང་། བཀག་ཉར་ཁང་དུ་བསྡད་མྱོང་མཁན་བུད་མེད་དེས་མནར་གཅོད་དང་བཙན་གཡེམ་དེ་དག་ནི་གོ་རིམ་ལྡན་པའི་ལས་དོན་ཡིན་སྐོར་བརྗོད་འདུག་པར། ཚེས་༣ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས། བྷི་བྷི་སིའི་གནས་ཚུལ་དེ་ནི་རྫུན་མ་ཡིན་པ་དང་། གཞི་བཅོལ་ཡུལ་གང་ཡང་མེད་པ་ཡིན་སྐོར་བརྗོད་ནས། གནས་ཚུལ་དེར་ངོས་ལེན་བྱས་མི་འདུག 

ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས། གནས་ཚུལ་དེས་སེམས་འཚབ་ཆེན་པོ་བཟོས་ཡོད་པ་དང་། དཔྱོད་ཤེས་ལ་གཡོ་འགུལ་ཆེན་པོ་བཏང་ཡོད་པས། ཡ་ལན་ཤུགས་ཆེན་སྤྲོད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག 

དེ་བཞིན་ཨོ་སི་ཀྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་མཱ་རི་སེ་པཱཡི་ནཱི་ཡིས། མཉམ་འབྲེལ་རྒྱལ་ཁབ་འཕྲལ་དུ་ཡུ་གུར་གྱི་ས་གནས་སུ་འགྲོ་རུ་འཇུག་དགོས་སྐོར་བརྗོད་འདུག 

རྒྱ་ནག་གིས་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་༢ ལས་མང་བ་བཀག་ཉར་ཁང་མང་པོ་ཞིག་ཏུ་བཙན་གྱིས་བཅུག་ནས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་དང་ཆབ་སྲིད་སློབ་གསོ་སྤྲོད་ཀྱི་ཡོད་ཁར། བཀག་ཉར་འོག་ཡོད་པའི་ཕ་མ་རྣམས་ཀྱི་ཕྲུ་གུ་མང་པོ་ཞིག་ཆེད་དུ་བཟོས་པའི་གཏན་སློབ་ཁང་དུ་བཞག་ནས་བསམ་བློ་སྒྱུར་བཅོས་གཏོང་ཐབས་བྱེད་ཀྱི་ཡོད་འདུག ཡུ་གུར་བུད་མེད་རྣམས་ཕྲུ་གུ་སྐྱེ་ནུས་མེད་པ་བཟོ་བ་སོགས་ཀྱི་གནས་ཚུལ་རྒྱལ་སྤྱིའི་ནང་ཐོན་ནས་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད་ཀྱང་། རྒྱ་ནག་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད།

ཨ་རིས་ཡུ་གུར་གྱི་ས་གནས་ནས་ཐོན་པའི་རྒྱ་ནག་གི་ཚོང་ཟོག་ཁག་ཅིག་བཀག་འགོག་བྱས་ཡོད་ཁར། ཡུ་གུར་ཁུལ་གྱི་རྒྱ་རིགས་དཔོན་པོ་ཁག་ཅིག་ལ་ཉེས་ཆད་བཅད་ཡོད་པ་རེད། སྤྱིར་བཏང་ཡུ་གུར་མི་རིགས་ཐོག་བཙན་གནོན་དང་འབྲེལ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཕལ་ཆེ་བ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱལ་ཁབ་ཁག་གི་གཞུང་ཡིན་པ་ལས། སྙན་གྲགས་ཆེ་བའི་རྩེད་མོ་བ་དང་གློག་བརྙན་འཁྲབ་སྟོན་པ། གཞས་པ་གཞས་མ་སོགས་ནས་སྒེར་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཉུང་ཉུང་ཡིན་ཁར། ཁ་ཆེ་མང་ཤོས་ཡིན་པའི་རྒྱལ་ཁབ་ཁག་གིས་ཀྱང་གནད་དོན་དེའི་ཐོག་ཁུ་སིམ་པོར་སྡོད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།