ཡུ་རོབ་ཀྱིས་ཨུ་རུ་སུ་ལ་ད་བར་ཉེས་ཆད་ཐེངས་བཅུ་བཅད་ཚར་འདུག
ཡུ་རོབ་སྤྱི་མཐུན་ཚོགས་པའི་དྲྭ་ངོས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༤ ཉིན་ནས་ཨུ་རུ་སུས་ཁྲིམས་འགལ་གྱིས་ཡུག་རེན་ལ་བཙན་འཛུལ་བྱས་ཡོད་པར་བརྟེན། ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་བཟོ་ཚོང་ཁང་དང་དངུལ་ཁང་། མི་སྒེར་པ་སོགས་ལ་སྔོན་ཆད་བྱུང་མ་མྱོང་བའི་ཉེས་ཆད་ཐེངས་བཅུ་བཅད་ཡོད་པ་མ་ཟད། ཨུ་རུ་སུ་ལ་རྒྱབ་སྐྱོར་དང་རོགས་པ་བྱེད་མཁན་རྒྱལ་ཁབ་ཚོ་ལ་ཡང་དཔལ་འབྱོར་གྱི་ཆད་པ་བཅད་ཡོད་འདུག

ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་ནས་ལོ་གཅིག་དང་ཟླ་བ་གསུམ་ལྷག་འགྲོ་བཞིན་ཡོད་པ་དང་། འདས་པའི་དུས་ཡུན་དེ་དག་གི་རིང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་སྲིད་འཛིན་པོ་ཊིན་དང་ཕྱི་སྲིད་བློན་ཆེན་(Sergey Lavrov)་དང་། ཡུག་རེན་གྱི་སྲིད་འཛིན་ཟུར་པ་ཝེ་ཊོ་(Viktor Yanukovych)། དེ་བཞིན་རྒྱལ་ཁབ་ཀྱི་བློན་ཆེན་དང་ཆབ་སྲིད་མི་སྣ། ཨུ་རུ་སུའི་དྲིལ་བསྒྲགས་བྱེད་མཁན་གྱི་གསར་འགོད་པ། དམག་དཔོན་དང་ཆེས་མཐོའི་འགོ་ཁྲིད་སོགས་ཁྱོན་བསྡོམས་མི་སྣ་ ༡༤༧༣ ལ་ཉེས་ཆད་བཅད་ཡོད་པ་མ་ཟད་ཨུ་རུ་སུའི་དངུལ་ཁང་ཁག་གཅིག་དང་སྒེར་གྱི་དམག་སྡེ་ཝག་ནར་(Wagner Group) ཞེས་པའི་ཚོགས་པ། ཆབ་སྲིད་ཚོགས་པ་དང་ (RIA FAN) ཞེས་པའི་གསར་འགྱུར་ཁང་། བཟོ་ཚོང་ཁང་མང་དག་ཅིག་ལ་ཆད་པ་བཅད་ཡོད་འདུག
ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་མི་སྒེར་དང་ཚོགས་པ་སོགས་ལ་དཔལ་འབྱོར་སོགས་ཀྱི་ཉེས་ཆད་བཅད་དགོས་དོན་ནི། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ་དང་། ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་གྱི་སྦུ་ཆ་(Bucha) ཞེས་པའི་ས་གནས་སུ་ཞི་བའི་མི་མང་བརྒྱ་ཕྲག་ཁ་ཤས་སྡེབས་གསོད་བྱས་ཡོད་པ་མ་ཟད། ཨུ་རུ་སུའི་མེ་ཤུགས་འཕུར་མདས་ཡུག་རེན་གྱི་མི་སེར་དང་སློབ་གྲྭ་དང་སྨན་ཁང་སོགས་ལ་གཏོར་བཤིག་བཏང་བ། ཨུ་རུ་སུས་ཡུག་རེན་གྱི་ཕྲུ་གུ་སྟོང་ཕྲག་ཁ་ཤས་ཨུ་རུ་སུའི་དབང་བསྒྱུར་འོག་གི་ས་ཁུལ་ཁག་ཏུ་བཙན་ཁྲིད་བྱས་པ་བཅས་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ཉེས་ཆད་བཅད་ཡོད་འདུག་ལ། ཨེ་རན་གྱིས་ཨུ་རུ་སུ་ལ་ཌོ་རོན་གནམ་གྲུ་མཁོ་སྤྲོད་བྱས་པ་དང་བྷེ་ལ་རུ་སིས་དམག་འཁྲུག་ཐོག་ཐེ་གཏོགས་བྱས་པའི་དབང་གིས་ཡུ་རོབ་རྒྱལ་ཁབ་ཚོས་རྒྱལ་ཁབ་དེ་གཉིས་ལ་ཡང་ཆད་པ་བཅད་ཡོད་འདུག

ཡུ་རོབ་ཀྱིས་མི་སྒེར་དང་ཚོགས་པ། དངུལ་ཁང་སོགས་ལྟེ་གནས་ཁག་ལ་ཉེས་ཆད་བཅད་པའི་དབང་གིས་ད་ལྟའི་ཆར་ཉེས་ཆད་ཕོག་མཁན་ཚོ་ཡུ་རོབ་ལ་འགྲོ་བསྐྱོད་ཐུབ་ཀྱི་མེད་པ་མ་ཟད། ཡུ་རོབ་བརྒྱུད་ནས་རྒྱལ་ཁབ་གཞན་ལ་ཡང་འགྲོ་བསྐྱོད་ཐུབ་ཀྱི་མེད་ཅིང་། ལྷག་པར་དུ་ཡུ་རོབ་ཁུལ་དུ་སྒེར་དང་ཚོགས་པ་དེ་དག་ལ་དབང་བའི་ཡུ་སྒོར་ཐེ་འབུམ་ ༢༡.༥ ཡི་རྒྱུ་ནོར་དག་བེད་མེད་ཆགས་ཡོད་འདུག་ལ། ཡུ་རོབ་དང་སྟོབས་ཆེན་རྒྱལ་ཁབ་བདུན་ནང་་ཡོད་པའི་ཨུ་རུ་སུའི་དངུལ་ཁང་དུ་ཡོད་པའི་ཡུ་སྒོར་ཐེ་འབུམ་༣༠༠ ཙམ་ཞིག་བཀོལ་སྤྱོད་མི་ཐུབ་པས་གྱོང་གུད་ཆེན་པོ་རག་ཡོད་འདུག
ཕྱི་ལོ་ ༢༠༢༢ ཟླ་ ༢ ནས་བཟུང་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གིས་ཨུ་རུ་སུ་ལ་སྐྱེལ་འདྲེནཡོ་ཆས་དང་གནམ་གྲུ། དམག་དོན་དང་འབྲེལ་བའི་མཚོན་ཆའི་རིགས། འཕྲུལ་ཆས་རིགས་སོགས་ཁྱོན་བསྡོམས་ཡུ་སྒོར་ཐེ་འབུམ་༤༣.༩ ཡིས་དངོས་ཟོག་བཙོང་མེད་པ་མ་ཟད། རྡོ་སོལ་དང་གསེར། ངར་ལྕགས་དང་དྭངས་སྙིག་མ་ཕྱེས་པའི་རྡོ་སྣུམ་(Crude oil) ། ཐ་མག་དང་མཚོ་ཟས་སོགས་ཁྱོན་བསྡོམས་ཡུ་སྒོར་ཐེ་འབུམ་༩༡.༢ ཡིས་དངོས་ཟོག་ཨུ་རུ་སུ་ནས་ཡུ་རོབ་ཏུ་ནང་འདྲེན་མ་བྱས་པར་བཀག་སྡོམ་བྱས་ཡོད་འདུག་པས་ཕྱི་ལོ་ ༢༠༢༡ ལོའི་དངོས་ཟོག་ཉོ་ཚོང་དང་བསྡུར་ན་ཡུ་རོབ་རྒྱལ་ཁབ་ཁག་གིས་དངོས་ཟོག་ནང་འདྲེན་གྱི་བརྒྱ་ཆ་༥༨% དང་ཕྱི་འདྲེན་གྱི་བརྒྱ་ཆ་༤༩% ལ་ཉེས་ཆད་ཕོག་ཡོད་འདུག
ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་ནས་བཟུང་ད་ལྟའི་བར་ཡུ་རོབ་ཀྱིས་ཨུ་རུ་སུའི་ཚོང་པ་དང་ཆབ་སྲིད་མི་སྣ། དངུལ་ཁང་དང་བཟོ་ཚོང་ཁང་། གསར་འགྱུར་ཁང་སོགས་ལ་ཉེས་ཆད་ཐེངས་༡༠ བཏང་ཡོད་པ་དང་ཨུ་རུ་སུ་ནི་འཛམ་གླིང་ཐོག་ཉེས་ཆད་མང་ཤོས་དང་ཆེ་ཤོས་ཕོག་མཁན་དེ་ཆགས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།