ཡུ་རོབ་གྲོས་ཚོགས་ཀྱིས་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ལ་མཉམ་ཞུགས་བྱེད་མི་དགོས་ཞེས་བརྗོད་འདུག
ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་ཚོས། རྒྱ་ནག་གིས་བོད་དང་། ཧོང་ཀོང་། ཤར་ཏུར་ཁི་སི་ཐན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བཟང་དུ་མ་བཏང་བ་ཡིན་ན། ཡུ་རོབ་ཀྱི་ཚོགས་མི་རྣམས་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་མཉམ་ཞུགས་བྱེད་མི་དགོས་ཞེས་བརྗོད་འདུག
དེ་རིང་སྟེ་ཕྱི་ཟླ་༧ ཚེས་༩ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བཟང་དུ་མ་བཏང་བ་ཡིན་ན་ཡུ་རོབ་ཀྱི་ཚོགས་མི་རྣམས་ལོ་རྗེས་མའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་ནང་དུ་མཉམ་ཞུགས་མི་བྱེད་པའི་གྲོས་འཆར་ཞིག་བཏོན་པའི་ནང་། རྒྱབ་སྐྱོར་གྱི་འོས་༥༧༨ དང་། རྒྱབ་སྐྱོར་མེད་པའི་འོས་༢༩། བར་གནས་ཀྱི་འོས་༧༣ བཅས་བྱུང་ནས་གཏན་ལ་ཕབ་ཡོད་འདུག
ཐེངས་འདིའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་མཁན་ཚོའི་ཁྲོད་དུ། ཡུ་རོབ་གླིང་དུ་དབང་ཤུགས་ཆེ་བའི་ཇར་མན་གྱི་སྲིད་བློན་ལྕམ་ཨེན་ཇི་ལ-མར་ཁལ་(Angela Merkel) དང་། ཧྥ་རན་སིའི་སྲིད་འཛིན་ཨེ་མལ-མཱ་ཁ་རོན་(Emmanuel Macron) སོགས་ཡོད་འདུག་པས། གྲོས་ཆོད་འདི་ནི་རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་བཞིན་པའི་རྟགས་མཚན་གསར་ཤོས་དེ་ཆགས་ཡོད་འདུག
ཧོང་ཀོང་དུ་ཡོད་པའི་རྒྱ་ནག་གི་དོན་གཅོད་ལས་ཁུངས་ནས་ཡུ་རོབ་ཀྱི་གྲོས་ཆོད་དེ་ནི་“ཆབ་སྲིད་ཀྱི་གཡོ་ཁྲམ་ཞིག་དང་། རྒྱ་ནག་དང་ཡུ་རོབ་གཉིས་ཀར་ཕན་པའི་མཉལ་ལས་འགོག་པའི་བཀག་རྡོ་ཞིག་རེད་”ཅེས་སྐྱོན་བརྗོད་བྱས་ཡོད་འདུག
གྲོས་ཚོགས་འཐུས་མི་ཚོས། “རྒྱ་ནག་གཞུང་གིས་ཧོང་ཀོང་དང་། ཤིང་ཅང་། བོད། ནང་སོག དེ་བཞིན་ས་ཁུལ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་བཏང་ན་མ་གཏོགས། ཚོགས་མི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་མཉམ་ཞུགས་བྱེད་པའི་མགྲོན་ཤོག་དང་ལེན་བྱེད་མི་དགོས་”ཞེས་བཤད་ཡོད་འདུག
གྲོས་ཆོད་གསར་པ་དེའི་ནང་དུ། ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཁང་སྒོ་བརྒྱབ་པ་དེ་ནི། རྒྱ་ནག་གིས་“ཧོང་ཀོང་གི་རང་དབང་ལྡན་པའི་སྤྱི་ཚོགས་གཏོར་བཤིག་བཏང་བ་དང་། སྨྲ་བརྗོད་རང་དབང་དང་། གསར་འགོད་རང་དབང་མེད་པ་བཟོས་པའི་བྱ་སྤྱོད་གཞན་ཞིག་ཆགས་ཡོད་”ཅེས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག
གཞན་གྲོས་ཆོད་དེའི་ནང་དུ། རྒྱ་ནག་གིས་ཧོང་ཀོང་དུ་གཏན་ལ་ཕབ་པའི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་འོག་ཏུ་མང་གཙོ་དང་རང་དབང་ཇེ་སྡུག་ཏུ་ཕྱིན་ནས་“འགྲོ་བ་མིའི་ཐོབ་ཐང་ཛ་དྲག་”ཏུ་གྱུར་ཡོད་ཅེས་བཀོད་པའི་ཐོག ཁྲིམས་དེས་པེ་ཅིང་དང་ཡུ་རོབ་བར་གྱི་ཡིད་ཆེས་ཀྱང་བརླག་ཏུ་བཅུག་སྟེ་རྒྱལ་སྤྱིའི་ནང་དུ་རྒྱ་ནག་ལ་ཡིད་རྟོན་དཀའ་བ་བཟོས་ཡོད་ཅེས་བརྗོད་ཡོད་འདུག
༢༠༢༢ ལོའི་པེ་ཅིང་གི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ཇེ་ཉེར་འགྲོ་བཞིན་པ་དང་སྦྲགས། རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་བཀག་སྡོམ་(boycott) དང་། རྒྱལ་ཁབ་གཞན་དུ་སྤོ་དགོས་པའི་དགོས་འདུན་འདོན་མཁན་གྱི་ཚོགས་པ་དང་གྲོས་ཚོགས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་འདུག་སྟེ། འདི་ལོའི་ཕྱི་ཟླ་༢ པའི་ནང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༡༨༠ ལྷག་གིས་འཛམ་གླིང་གི་སྲིད་གཞུང་རྣམས་ལ་རྩེད་འགྲན་ཆེན་པོ་དེ་བཀག་སྡོམ་བྱེད་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། ཨ་རི་དང་། འཇར་མན། ཅེག་སྤྱི་འཐུན་རྒྱལ་ཁབ། དབྱིན་ཇི་བཅས་འདུས་པའི་འཛམ་གླིང་གི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་རྩེད་འགྲན་ཆེན་མོར་མཉམ་ཞུགས་ཀྱི་མགྲོན་ཤོག་དང་ལེན་མི་བྱེད་པའི་དགོས་འདུན་ཡང་བཏོན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།