ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་དང་ཝེ་ཐེ་ནམ་གཞུང་ལ་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་གྲོངས་རྐྱེན་དྲང་བདེན་གྱི་ཞིབ་འཇུག་དགོས་པའི་འབོད་སྐུལ་ཞུས།

ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ནང་ཚན་ཚོགས་ཆུང་གི་ཚོགས་གཙོས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་གྱུར་ཚུལ་ཐོག་ཁ་གསལ་མེད་པ་དང་། ཁོང་གི་ནང་མིའི་མོས་མཐུན་མེད་པར་ཝེ་ཐེ་ནམ་ལ་སྐུ་ཕུང་ཞུགས་འབུལ་བྱས་པའི་གནས་ཚུལ་ལ་སེམས་འཚབ་ཡོད་པ་གསལ་སྟོན་གནང་བའི་ཕྱག་ཡིག་ཅིག་ཡུ་རོབ་སྤྱི་མཐུན་ཚོགས་པས་ཝེ་ཐེ་ནམ་གཞུང་ཚབ་ལ་ཕུལ་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས

ཕྱི་ཟླ་༤ ཚེས་༣༠ ཉིན། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ནང་གསེས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མི་ནིར་ས་ཏོ་རི་ (MEP Mounir Satouri) མཆོག་དང་། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨེན་གིན་ཨེ་རོག་ལུ་ (MEP Engin Eroglu) མཆོག་རྣམ་གཉིས་ཟུང་སྦྲེལ་ཐོག། ཉེ་ལམ་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་མཆོག་དོགས་གཞིའི་འོག་འདས་གྲོངས་སུ་ཕྱིན་པའི་སྐོར་ཡུ་རོབ་སྤྱི་མཐུན་ཚོགས་པར་ཕྱག་ཡིག་ཅིག་ཕུལ་ཡོད་འདུག་པ་དང་། དེ་བཞིན་ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ནང་ཚན་ཚོགས་ཆུང་གི་ཚོགས་གཙོས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཝེ་ཐེ་ནམ་གཞུང་ཚབ་ལ་དེ་དང་འདྲ་བའི་སེམས་འཚབ་གསལ་བའི་ཕྱག་ཡིག་གཅིག་ཀྱང་ཕུལ་ཡོད་འདུག་པས། ཕྱག་ཡིག་དེ་གཉིས་ཀྱི་ནང་། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་གྱུར་ཚུལ་ཐོག་ཁ་གསལ་མེད་པ་དང་། དེ་བཞིན་ཁོང་གི་ནང་མིའི་མོས་མཐུན་མེད་པར་ཝེ་ཐེ་ནམ་དུ་སྐུ་ཕུང་ཞུགས་འབུལ་བྱས་པའི་གནས་ཚུལ་ལ་སེམས་འཚབ་ཆེན་པོ་ཡོད་པ་གསལ་སྟོན་གནང་ཡོད་འདུག

སྐུ་ཞབས་མི་ནིར་ས་ཏོ་རི་མཆོག་དང་། སྐུ་ཞབས་ཨེན་གིན་ཨེ་རོག་ལུ་མཆོག་རྣམ་གཉིས་ཀྱིས་རྒྱ་ནག་དང་ཝེ་ཐེ་ནམ་གྱི་དབང་འཛིན་པ་གཉིས་ཀ་ལ། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གར་སོང་ཆ་མེད་དུ་ཕྱིན་པ་དང་། འདས་གྲོངས་ཕྱིན་པའི་རྒྱུ་རྐྱེན་རྩད་གཅོད་བྱེད་པར་དྲང་བདེན་དང་། རང་དབང་། ཕྱོགས་ལྷུང་མེད་པའི་ཐོག་ཞིབ་འཇུག་ངེས་པར་དུ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད།

པར། བོད་མིའི་སྒྲིག་འཛུགས།

ཕྱག་ཡིག་དེའི་མཇུག་བསྡོམས་སུ། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གར་སོང་ཆ་མེད་གྱུར་པའི་སྐོར་དང་། འདས་གྲོངས་ཀྱི་གནས་ཚུལ་ལ་གསལ་བཤད་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་གསལ་ཡོད་པ་དང་།

སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་གྱིས་ཁོང་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། རིན་པོ་ཆེ་ནི་བོད་ནང་ཆོས་ཕྱོགས་ཀྱི་གལ་ཆེའི་དབུ་ཁྲིད་ཅིག་ཡིན་པ་དང་། ཁོང་ཉིད་དོགས་གཞིའི་འོག་འདས་གྲོངས་སུ་ཕྱིན་པ་མ་ཟད།

ཝེ་ཐེ་ནམ་དུ་གསལ་བཤད་མེད་པའི་ཐོག་མགྱོགས་མྱུར་སྐུ་ཕུང་ཞུགས་འབུལ་བྱས་པའི་གནས་ཚུལ་དེས་འཛམ་གླིང་ཡོངས་ཀྱི་བོད་མི་ཚོར་སེམས་སྡུག་བྱུང་ཡོད་པར་བརྟེན། ང་ཚོས་མུ་མཐུད་དྲང་བདེན་དང་། རང་དབང་ཅན་གྱི་ཞིབ་འཇུག་དགོས་པའི་ནན་སྐུལ་ཞུ་བཞིན་ཡོད། ང་ཚོས་ཚོགས་གཙོ་རྣམ་གཉིས་ཀྱིས་མཉམ་ཞུགས་གནང་བ་དེར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། འདི་ལྟ་བུའི་ཛ་དྲག་གི་གནས་ཚུལ་རྣམས་སྣང་མེད་དང་བསྐྱར་ཟློས་མི་ཡོང་བར་རྒྱལ་སྤྱིས་དོ་སྣང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་ཞུས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་བཀོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།