ཡུ་རོབ་གྲོས་ཚོགས་འཐུས་མི་བདུན་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཞོན་ལ་༧པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་དྲི་བ་ཁག་གསུམ་ཕུལ་འདུག
༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན་དང་བསྟུན། ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་བཞིའི་གྲོས་ཚོགས་འཐུས་མི་བདུན་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཞོན་ལ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་འབྲེལ་རྒྱ་ནག་དང་གླེང་སློང་བྱས་ཡོད་མེད་དང་། མ་འོངས་པར་བྱེད་འཆར་ཡོད་མེད་སོགས་ཀྱི་དྲི་བ་ཁག་གསུམ་ཕུལ་འདུག

ཟླ་འདིའི་ཚེས་༡༧ ཉིན་ནི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༣༠ འཁོར་པའི་དུས་དྲན་དང་བསྟུན། ཟླ་འདིའི་ཚེས་༡༩ ཉིན། ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་བཞིའི་གྲོས་ཚོགས་འཐུས་མི་བདུན་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཞོན་ཀ་ཇ་ཀ་ལ་སི་༼Kaja Kallas༽ ལ་སེམས་འཚབ་ཡོད་པའི་དྲི་བ་གསུམ་ཕུལ་འདུག
དྲི་བ་གསུམ་ཅན་གྱི་ཡི་གེའི་སྔོན་གླེང་ལྟ་བུའི་ནང་། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༧ ཉིན་རྒྱ་གཞུང་གི་དཔོན་རིགས་ཚོས་བཙན་འཁྲིད་བྱས་ནས་གར་སོང་ཆ་མེད་བཟོས་ཏེ་མི་ལོ་སུམ་ཅུ་འཁོར་བའི་དུས་ཚིགས་འདིར། ང་ཚོས་རྒྱ་གཞུང་གིས་ཁོང་ཉིད་བཙན་འཁྲིད་བྱས་པར་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད། མི་ལོ་སུམ་ཅུ་འདས་ཀྱང་ཁོང་གང་དུ་ཡོད་མེད་སྐོར་གྱི་གནས་ཚུལ་གང་ཡང་བརྗེད་མེད། ད་ལྟའང་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་འདིས་༧པཎ་ཆེན་རིན་པོ་ཆེའི་སྐུ་གཟུགས་ཀྱི་བདེ་ཐང་དང་། ལྷག་པར་དུ་༧གོང་ས་མཆོག་གཙོས་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་གཞན་དག་གི་བདེ་འཇགས་ལ་བློ་འཚབ་སྐྱེད་ཀྱི་འདུག་ཅེས་བཀོད་འདུག
ཁོང་རྣམས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཞོན་ལ་དྲི་བ་གསུམ་ཕུལ་འདུག་པ་དག་ནི། དང་པོ། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ལྷན་དུ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གང་དུ་ཡོད་མེད་སྐོར་གསལ་བཤད་ཡོང་པའི་གནོན་ཤུགས་སྤྲད་ཡོད་དམ། དེ་ལ་གྲུབ་འབྲས་ག་རེ་ཐོབ་སོང་།
གཉིས་པ། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཞོན་ནམ། ཡང་ན་མཐོ་རིམ་སྐུ་ཚབ་རྣམ་པས་འབྱུང་འགྱུར་ཡུ་རོབ་དང་རྒྱ་ནག་དབར་གྱི་འཐབ་ཇུས་གྱི་གྲོས་མོལ་༼strategic dialogue༽ སྐབས།༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་བཙན་དབང་གིས་གར་སོང་ཆ་མེད་བཟོས་པའི་གནད་དོན་སྐོར་གླེང་སློང་བྱེད་འཆར་ཡོད་དམ། ཁོང་ཉིད་བཙན་ཁྲིད་བྱས་པ་དང་། བོད་ནང་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་བའི་ཐད་འགན་འཁུལ་ཡོང་པའི་བྱ་ཐབས་དངོས་གང་ཞིག་ལག་བསྟར་གནང་བཞིན་ཡོད།
གསུམ་པ། རྒྱ་གཞུང་གིས་བོད་ཀྱི་སྲོལ་རྒྱུན་ལ་རྩིས་མེད་དང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་སྟེ། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུའི་འདུན་པ་བསྟན་ཡོད། དེར་ལན་འདེབས་སུ། ཨ་རིས་ཕྱི་ལོ་༢༠༡༩ ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་༼Tibet Policy and Support Act of 2019༽ ་ངོ་སྤྲོད་བྱས་ནས། བོད་ཀྱི་ནང་པའི་སྤྱི་ཚོགས་ཁོ་ནས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐག་གཅོད་བྱེད་དགོས་པ་ནན་བརྗོད་བྱས་ཡོད། གནད་དོན་དེའི་ཐད་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་གང་ཡིན་ནམ། ཞེས་དྲིས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲྭ་རྒྱའི་ཐོག་བཀོད་འདུག
བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཕྱི་ལོ་༢༠༢༠ ཟླ་༡༢ ཚེས་༢༡ ཉིན། ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་གནང་ཞིང་། ཁྲིམས་འཆར་ནང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུ་དང་། བོད་རྒྱ་གྲོས་མོལ་ཙམ་མ་ཟད། ཁྲིམས་འཆར་འདིའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་མིང་དོན་མཚུངས་པའི་རང་སྐྱོང་དགོས་སྐོར། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་དགོས་པ་དང་། གལ་ཏེ་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་མ་ཐུབ་པ་དང་། ཡང་ན་འཛུགས་མ་བཅུག་པ་ཡིན་ན། རྒྱ་ནག་གཞུང་གིས་ཨ་རིའི་ནང་རྒྱ་ནག་གཞུང་ཚབ་ཡན་ལག་འཛུགས་མི་ཆོག་ཅེས་ཁ་གསལ་པོ་བཀོད་ཡོད་འདུག། ཕྱོགས་མཚུངས་བོད་ནང་ཚོང་ལས་གཉེར་དགོས་ཚེ་རྒྱལ་ཚོགས་ཀྱིས་ཚོང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལམ་སྟོན་གནང་བ་ཁག་ལ་སྲུང་བརྩི་ཞུ་དགོས་པ། བོད་དེ་ཁོར་ཡུག་ཐོག་ནས་ཧ་ཅང་གལ་ཆེན་པོ་ཡིན་སྟབས། བོད་མཐོ་སྒང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་གནང་རྒྱུ། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མིས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གིས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དམ་བསྒྲགས་བཀའ་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ་ཁ་གསལ་པོ་ཡོད་འདུག། གཞན་ཡང་བོད་མིིའི་སྒྲིག་འཛུགས་ནི་བཙན་བྱོལ་བོད་མིའི་སྐུ་ཚབ་མཚོན་གྱི་ཡོད་པ་དང་། སྲིད་སྐྱོང་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ (President) ཡིན་པ་བཅས་བོད་མིའི་སྒྲིག་འཛུགས་འདི་ཁྲིམས་མཐུན་ངོས་ལེན་གནང་བ་ཞིག་ཆགས་ཀྱི་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།།