ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོཌ་པ་བསྐྱར་འཛུཌ་གནང་བའི་མཛད་སྒོ་འཚོགས།
གྲོས་ཚོགས་འཐུས་མི་༢༠ ལྷག་གི་རྒྱབ་སྐྱོར་འོག་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་བའི་མཛད་སྒོ་ཚོགས་ཡོད་པ་མ་ཟད། སྐབས་དེར་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་གྱིས་གྲོས་ཚོགས་འཐུས་མི་རྣམ་པ་ཉི་ཧོང་དུ་ཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཐེངས་དགུ་པའི་ཐོག་མཉམ་ཞུགས་ཡོང་བའི་རེ་སྐུལ་ཞུས་འདུག

ཟླ་འདིའི་ཚེས་༢༩ ཉིན་ཡུ་རོབ་གྲོས་ཚོགས་འཐུས་མི་ཊེ་ནི་ཡ་སི་ཛ་ལི་མྰ་སེ་(Dainius Zalimas) ཡི་འགན་འཁུར་རྐང་བཞེས་དང་གྲོས་ཚོགས་འཐུས་མི་༢༠ ལྷག་གི་རྒྱབ་སྐྱོར་འོག་རྒྱལ་ས་སྦར་སིལ་དུ། ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་བའི་མཛད་སྒོ་ཞིག་ཚོགས་འདུག
སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་བཅུ་གཉིས་ཀྱི་གྲོས་ཚོགས་འཐུས་མི་གྲངས་ ༧ དང་ལས་བྱེད་རྣམ་པ་མཉམ་འཛོམས་ཀྱིས་དབུ་འབྱེད་མཛད་སྒོའི་ཐོག་ལི་ཐུ་ཝི་ནི་ཡ་(Lithuania) ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་དང་། ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཊེ་ནི་ཡ་སི་ཛ་ལི་མཱ་སེ་(Dainius Zalimas) ཡིས། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དགོས་དམིགས་སྐོར་གསུང་བཤད་གནང་བ་དང་སྦྲགས། རྒྱལ་སྤྱིའི་སྟེང་བོད་མིའི་གནས་སྟངས་གསལ་སྟོན་དང་གཞི་རྩའི་རང་དབང་སྲུང་སྐྱོབ་གོང་འཕེལ་སླད་དྲིལ་བསྒྲགས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པར་གསུངས་འདུག ལྷག་པར་གྲོས་ཚོགས་འཐུས་མི་ཁོང་གིས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་བ་འདི་ཡིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་གོམ་སྟབས་གལ་ཆེན་ཞིག་ཡིན་སྐོར་དང་འབྲེལ། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་མིའི་རང་དབང་དང་ཐོབ་ཐང་ཐད་ཞུ་གཏུག་གནང་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། ཡུ་རོབ་གྲོས་ཚོགས་སུ་གླེང་སློང་གནང་རྒྱུ་ཡིན་པར་གསུངས་འདུག
དེ་བཞིན་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་གྱིས་མཛད་སྒོའི་ཐོག་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་ཉེ་ཆར་བོད་ནང་བྱུང་བའི་ས་ཡོམ་གྱི་གོད་ཆག་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་ཕྱི་ལུགས་དགུང་གྲངས་༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་དང་བསྟུན། བོད་མིའི་སྒྲིག་འཛུགས་ནས་འཛམ་གླིང་ཁྱོན་ཡོངས་སུ་ལོ་འཁོར་མོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་གཏན་འཁེལ་བའི་སྐོར་དང་། ལོ་འདིའི་ཕྱི་ཟླ་༦ པའི་ནང་ཉི་ཧོང་གི་རྒྱལ་ས་(Tokyo) ལ་ཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཐེངས་དགུ་པའི་ཐོག་གྲོས་ཚོགས་འཐུས་མི་རྣམ་པ་མཉམ་ཞུགས་ཡོང་བའི་རེ་སྐུལ་ཞུས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་སྤེལ་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།