ཡུ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གྲོས་འཆར་ལ་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་གནང་འདུག
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན་གྱི་སྔ་རོལ་དུ། ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཆེ་ཁག་ལྔ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བའི་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་པར་གྲོས་ཚོགས་འཐུས་མི་གྲངས་༤༧༨ ནས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་སུ་ཚད་མཐོའི་མང་མོས་ཀྱི་སྒོ་ནས་གཏན་འབེབས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། གྲོས་ཆོད་དེའི་ནང་། རྒྱ་གཞུང་གིས་༧གོང་ས་མཆོག་གིས་དབུས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་དང་། རྒྱ་གཞུང་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བརྒྱུད་བོད་མིའི་ངོ་བོ་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་ལ་ཐུགས་འཚབ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་གཅོད་དགོས་པར་བརྗོད་འདུག་ལ།
དེ་བཞིན། ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གི་དོ་དམ་འོག་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེ་ཐེ་ནམ་དུ་གནས་སྟངས་ཁ་གསལ་མེད་པར་གློ་བུར་འདས་གྲོངས་སུ་གྱུར་པ་མ་ཟད། རིན་པོ་ཆེ་མཆོག་གི་ནང་མི་སྐུ་འཁོར་ལྷན་རྒྱས་ཀྱི་མོས་མཐུན་མེད་པར་སྐུ་ཕུང་བཞུགས་འབུལ་བྱས་པའི་བྱུས་ངན་ཐེར་འདོན་གྱིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གློ་བུར་དུ་འདས་གྲོངས་སུ་གྱུར་པའི་གནད་དོན་ཐོག་རང་དབང་ལྡན་པའི་ཐོག་ནས་རྟོག་ཞིབ་དགོས་ལ། ལག་སྦྲེལ་དུ་ཡོད་པའི་འབྲེལ་ཡོད་རྣམས་ལ་འགན་འཁུར་དུ་འཇུག་དགོས་པར་བརྗོད་འདུག
ཕྱོགས་མཚུངས་ཡུ་རོབ་གྲོས་ཚོགས་ནས་ཡུ་རོབ་མཐུན་ཚོགས་དང་ཁྱབ་ཁོངས་ཡུ་རོབ་རྒྱལ་ཁབ་ཁག་ནས་རྒྱ་ནག་དང་ཝེ་ཐེ་ནམ་གཞུང་དང་འབྲེལ་བ་ནམ་བྱུང་ལ་གོང་ཞུས་གནད་དོན་ཐོག་གླེང་སློང་དང་། ལྷག་པར་དུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གློད་བཀྲོལ་ཡོང་སླད་ཞུ་སྐུལ་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག
བོད་དོན་ལ་རྒྱབ་སྐྱོར་གནང་བའི་གྲོས་ཆོད་དེ་ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་ནས་བསྣམས་ཕེབས་ཤིང་། གྲོས་ཆོད་གྲོས་འཆར་དེའི་ཐོག་གྲོས་ཚོགས་འཐུས་མི་གྲངས་༤༧༨ ནས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་སུ་ཚད་མཐོའི་མང་མོས་ཀྱི་སྒོ་ནས་གཏན་འབེབས་གནང་བར་བཀོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།