ཡུ་རོབ་གྲོས་ཚོགས་སུ་༸གོང་ས་མཆོག་དང་ཡེ་ཤུའི་བླ་ཆེན་ཊུ་ཊུ་རྣམ་གཉིས་ཀྱི་མཛའ་འབྲེལ་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུས་འདུག

བེལ་ཇམ་སྐུ་ཚབ་དོན་ཁང་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་མི་ཀུ་ལ་སི་པེག་ས་ (Mikulas Peksa) ཡིས་ལས་ཁུངས་ཟུང་སྦྲེལ་ཐོག་ཕྱི་ལོ་ ༢༠༢༣ ཟླ་༠༡ ཚེས་༣༡ ཉིན་ཡུ་རོབ་གྲོས་ཚོགས་ནང་༸གོང་ས་མཆོག་དང་ཡེ་ཤུའི་བླ་ཆེན་གྲོས་མོན་ཊུ་ཊུ་རྣམ་གཉིས་ཀྱི་མཛའ་འབྲེལ་སྐོར་གྱི་གློག་བརྙན་ (MISSION: JOY- Finding happiness in troubled times) ཞེས་པ་གཟིགས་འབུལ་ཞུས་ཡོད་འདུག

དེ་ཡང་གློག་བརྙན་གཟིགས་འབུལ་མ་ཞུས་སྔོན་གྲོས་ཚོགས་འཐུས་མི་སྐུ་ཞབས་པེག་ས་ཡིས་དངོས་བྱུང་གློག་བརྙན་དེའི་བྱུང་རིམ་ངོ་སྤྲོད་དང་འབྲེལ། ད་ལྟའི་དཀའ་ངལ་ཆེ་བའི་དུས་སུ་གློག་བརྙན་འདི་ལྟ་བུ་ནི་དུས་ཐོག་ཆར་པ་ལྟ་བུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་འདུག

དངོས་བྱུང་གློག་བརྙན་དེའི་ནང་འཛམ་གླིང་སྟེང་གི་ཆེས་བཀུར་འོས་དབུ་ཁྲིད་གཉིས་ཀྱི་བཅོས་མིན་གྱི་མཛའ་བརྩེའི་འབྲེལ་ལམ་གསལ་སྟོན་གནང་བ་དང་ཆབས་ཅིག་ཁོང་རྣམ་གཉིས་ཀྱི་ཐུགས་མྱོང་དང་། གནའ་བོའི་ཤེས་རིག་གི་ཐུགས་མཚོ་ལས་འཁྲུངས་པའི་བདེ་སྐྱིད་སྐྲུན་ཐབས་སྐོར་གཟབ་གསལ་ལེགས་བཤད་ཀྱིས་དམངས་ཀྱི་ཡིད་བློ་མགུ་བར་བྱས་ཡོད།

སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་ལས་བྱེད་རྣམ་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ཝིན་སིན་མེ་ཊན་ (Vincent Metten) སོགས་དང་། དེ་བཞིན་བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་དང་དྲུང་ཆེ་འཕྲིན་ལས་དབང་འདུས། རྩིས་པ་བསྟན་འཛིན་ནོར་ལྡན་བཅས་གློག་བརྙན་གཟིགས་པར་ཕེབས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply