ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་བཙོན་འོག་གི་གསར་འགོད་པ་ཚང་མ་གློད་གྲོལ་དགོས་པའི་རེ་སྐུལ་བྱས་འདུག 

ཉེ་ཆར་རྒྱ་ནག་གིས་ཨ་རིའི་གསར་ཁང་ཞིག་གི་གསར་འགོད་ལས་རོགས་དང་རྒྱ་ནག་གི་མི་སེར་ཡིན་པ་ཞིག་འཛིན་བཟུང་བྱས་རྗེས། ཡུ་རོབ་མཐུན་ཚོགས་ནས་འཛིན་བཟུང་བྱས་པའི་གསར་འགོད་པ་ཚང་མ་གློད་གྲོལ་གཏོང་བའི་རེ་སྐུལ་བྱས་འདུག རྒྱ་ནག་གིས་གསར་འགོད་པ་དེའི་གནད་དོན་དེ་ལ་སུ་གང་གིས་ཐེ་ཇུས་བྱེད་པའི་དབང་ཚད་མེད་སྐོར་ལན་འདེབས་བྱས་འདུག 

ཟླ་༡༢ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བདུན་ཕྲག་སྔོན་མར་རྒྱ་ནག་ནང་དུ་ཨ་རིའི་གསར་ཁང་(Bloomberg) གི་ཡན་ལག་ལས་ཁུངས་སུ་ལས་ཀ་བྱེད་མཁན་གསར་འགོད་ལས་རོགས་པ་ཧཱ་ཛི་ཧྥན་(Haze Fan) འཛིན་བཟུང་བྱས་འདུག་པ་དང་། མོ་ནི་རྒྱ་ནག་གི་མི་སེར་ཡིན་ཁར་ཕྱི་ལོ་༢༠༡༧ ལོ་ནས་གསར་ཁང་དེར་ལས་ཀ་བྱེད་མགོ་བཙུགས་ཡོད་པ་དང་། དེའི་སྔོན་ལ་རྒྱལ་སྤྱིའི་གསར་ཁང་ཆེ་གྲས་ཁག་ཅིག་ཏུ་ལས་ཀ་བྱེད་མྱོང་ཡོད་འདུག

གནད་དོན་དེ་དང་འབྲེལ་ནས་ཡུ་རོབ་མཐུན་ཚོགས་ཀྱིས་ཟླ་༡༢ པའི་ཚེས་༡༢ ཉིན་བསྒྲགས་གཏམ་ཞིག་སྤེལ་ནས། མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་གསར་འགོད་ལས་རོགས་དེ་ལ་སྨན་བཅོས་མཐུན་རྐྱེན་དང་། ཁྲིམས་རྩོད་པ་དང་ཐུག་འཕྲད། ནང་མིར་འབྲེལ་ལམ་སོགས་ཀྱི་མཐུན་རྐྱེན་སྤྲོད་ཀྱི་ཡོད་པ་རེ་བ་བྱེད་ཀྱི་ཡོད་ཁར། རྒྱ་ནག་གཞུང་གིས་རྒྱ་ནག་ནང་དུ་གསར་འགོད་ལས་རིགས་རྐྱེན་པས་འཛིན་བཟུང་བྱས་པའི་གསར་འགོད་པ་ཚང་མ་གློད་གྲོལ་གཏོང་བའི་རེ་སྐུལ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག 

འོན་ཀྱང་ཡུ་རོབ་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཅིག་གིས་ཚེས་༡༣ ཉིན་བསྒྲགས་གཏམ་ཞིག་སྤེལ་ནས་བརྗོད་དོན། འཛིན་བཟུང་བྱས་པའི་གསར་འགོད་ལས་རོགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་ལས་དོན་ལ་འཇུག་པར་དོགས་གཞི་ཡོད་པས། རྒྱལ་ཁབ་ཀྱི་བདེ་སྲུང་རུ་ཁག་གིས་ཁྲིམས་དང་མཐུན་པའི་ཐོག་ནས་འཛིན་བཟུང་བྱས་ཡོད་སྐོར་ལན་འདེབས་བྱས་འདུག དེ་བཞིན་གཞུང་ཚབ་ཁང་གི་སྐད་འཕྲིན་ཐོག་ཏུ་འཛིན་བཟུང་བྱས་པའི་གསར་འགོད་པ་དེར་ཁྲིམས་དང་བསྟུན་ནས་རྟོག་ཞིབ་བྱེད་བཞིན་ཡོད་ཁར། མོའི་ཐོབ་ཐང་ཆ་ཚང་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། གནད་དོན་དེ་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་ཡིན་པས། རྒྱལ་ཁབ་དང་ཚོགས་པ་སུ་གང་ལ་ཐེ་ཇུས་བྱེད་པའི་ཐོབ་ཐང་མེད་སྐོར་བརྗོད་འདུག 

(Bloomberg) གསར་ཁང་དེས་འཛིན་བཟུང་བྱས་པའི་གསར་འགོད་ལས་རོགས་དེར་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་རྒྱ་ནག་གི་ལས་བྱེད་དང་སྐད་ཆ་བསྟུད་མར་བཤད་ནས་གནས་སྟངས་ཡག་པོ་ཧ་གོ་ཐབས་བྱེད་བཞིན་ཡོད་ཁར། མོ་ལ་རྒྱབ་སྐྱོར་གང་ཡོང་བྱེད་བཞིན་ཡོད་སྐོར་བརྗོད་འདུག 

རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས་འཛིན་བཟུང་བྱས་པའི་གསར་འགོད་པ་དེར་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་། མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་མོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གསལ་པོ་ཐོབ་ཐབས་བྱེད་རྒྱུ་ཡོད་སྐོར་བརྗོད་འདུག 

སྤྱིར་བཏང་རྒྱ་ནག་གི་ཁྲིམས་ནང་དུ་རྒྱ་ནག་གི་མི་སེར་ཞིག་ཕྱི་རྒྱལ་ཁབ་ཀྱི་གསར་ཁང་ནང་དུ་གསར་འགོད་པ་བྱེད་ཆོག་གི་མེད་ནའང་། འོན་ཀྱང་གསར་འགོད་ལས་རོགས་པ་བྱེད་ཆོག་གི་ཡོད་འདུག 

རྒྱ་ནག་གཞུང་གིས་མང་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ། རྩོམ་པ་པོ་སོགས་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་དང་ཁ་གཏད་གཅོག་མཁན་ཚང་མར། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་ཚུལ་གྱི་ཉེས་འཛུགས་བྱས་ཏེ་བཙོན་འཇུག་དང་འཛིན་བཟུང་བཀག་ཉར་སོགས་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།