ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བོད་དོན་དང་འབྲེལ་བའི་སྐུལ་མ་ཁག་ཅིག་བཏང་།

ཕྱི་ཟླ་༠༦ པའི་ཚེས་༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་༡༤ ཉིན་ཡུ་རོབ་མཐུན་ཚོགས་དང་། རྒྱ་ནག་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ཐེངས་ ༤༠ པ་དེ་་བེལ་ཇི་ཡམ་གྱི་རྒྱལ་ས་སྦར་སིལ་དུ་འཚོགས་འདུག་པ་དང་། སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱི་དཔོན་རིགས་རྣམས་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་སྟངས་འཛིན་དང་། ལྷག་པར་བོད་ནང་གི་གནས་སྟངས་ཐད་གསལ་སྟོན་གནང་ཡོད་འདུག 

དེ་བཞིིན་བགྲོ་གླེང་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་མི་ཆོག་པ་དང་། དེ་དག་སྲོལ་རྒྱུན་གྱི་ལམ་སྲོལ་ལྟར་འགྲོ་དགོས་པ་བསྐྱར་ནན་གནང་བའི་སྐོར་དང་། 

གཞན་ཡང་རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་བཙན་ཁྲིད་བྱས་ཏེ་ལོ་ངོ་ ༣༠ ཕྱིན་ཡོད་པ་དང་། ཁོང་གི་གནས་སྟངས་ཐོག་རྒྱ་ནག་གཞུང་ནས་དངོས་གསལ་བྱེད་དགོས་པའི་རེ་འདུན་བཏོན་གནང་ཡོད་འདུག་ལ།

ཡུ་རོབ་མཐུན་ཚོགས་ནས་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་། རྩོམ་པ་པོའི་གནས་སྟངས་ཡར་རྒྱས་གཏོང་དགོས་པ། དེ་བཞིན་སྒོ་ཤེས་རབ་རྒྱ་མཚོ་དང་། བཀྲ་ཤིས་རྡོ་རྗེ། ཨ་ཉག་སེང་སྒྲ། མཚོ་སྔོན་ཚེ་རིང་། འབྲུག་སྒྲ། བློ་བཟང་མཁས་གྲུབ། བློ་བཟང་དགེ་འཕེལ་བཅས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་གནོན་ཤུགས་སྤྲད་ཡོད་འདུག་པ་དང་། བགྲོ་གླེང་གི་ཐོག་མར་ལྷོ་ཊི་རོལ་དུ་ཕེབས་ཏེ་ས་ཁུལ་དེའི་གྲངས་ཉུང་མི་རིགས་སྲུང་སྐྱོབ་དང་། རང་སྐྱོང་མ་ལག་བཅས་ལ་ཞིབ་འཇུག་བྱས་ཏེ། རྒྱ་ནག་ཏུའང་དེ་ལྟ་བུའི་འཛིན་སྐྱོང་གི་འགྲོ་ལུགས་ལག་ལེན་གཏོང་རྒྱུའི་སྐུལ་མ་གནང་ཡོད་འདུག

དེ་མཚུངས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་བསྔགས་བརྗོད་ཞུས་པའི་ཐོག་ནས་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དང་ལྡན་པའི་འཛིན་སྐྱོང་དང་། ཡར་རྒྱས། གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་གཞིར་བཞག་པའི་ཐབས་ལམ་ཐོག་འབད་བརྩོན་གནང་དགོས་པའི་ནན་སྐུལ་གནང་ཞིང་།

ཡུ་རོབ་མཐུན་ཚོགས་ནས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་། བསམ་བློའི་རང་དབང་ཅན་གྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་བཅས་ཀྱི་ཐོག་ལངས་ཕྱོགས་བརྟན་པོ་བཟུང་བ་དེར། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་གྱིས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁོང་མོས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་འདིས་བོད་མིའི་ངོ་བོ་དང་། རིག་གཞུང་། གཞི་རྩའི་རང་དབང་བཅས་ལ་འཐབ་བརྩོད་བྱེད་པར་རེ་བ་སྐྲུན་གྱི་ཡོད་པར་བརྗོད་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཀྱི་ཚོགས་ཐུན་རྗེས་མ་ཕྱི་ལོ་ ༢༠༢༦ ལོར་རྒྱ་ནག་ཏུ་འཚོགས་གཏན་ཁེལ་ཡོད་པར་བརྗོད། 

གསར་འགྱུར་ཡོང་ཁུངས་བོད་མིའི་སྒྲིག་འཛུགས། 

གསར་འགོད་པ། བསྟན་འཛིན་ལམ་བཟང་།