ཡུ་རོབ་མཐུན་ཚོགས་ནས་དྲང་བདེན་མིན་པའི་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱས་མི་འདུག 

ཤར་ཡུ་རོབ་ཀྱི་རྒྱལ་ཁབ་བྷེ་ལ་རུའི་སྲིད་འཛིན་གྱིས་རང་ཉིད་བསྐྱར་དུ་འོས་བསྡུའི་རྒྱལ་ཁབ་ཐོབ་ཡོད་སྐོར་བསྒྲགས་ནས། ངོ་རྒོལ་པ་ཚོར་དྲག་གནོན་བྱེད་བཞིན་ཡོད་པས། ཡུ་རོབ་མཐུན་ཚོགས་ནས་འོས་བསྡུའི་གྲུབ་འབྲས་དེ་རྫུན་བཟོ་བྱས་པ་ཡིན་པས་ངོས་ལེན་མེད་པ་དང་། རྒྱལ་ཁབ་དེའི་མི་མང་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་འདུག 

བྷེ་ལ་རུ་རྒྱལ་ཁབ་(Belarus) ནང་འོས་བསྡུའི་གྲུབ་འབྲས་ཀྱི་རྩོད་རྙོག་ལ་བརྟེན་ནས། མི་མང་གིས་གཞུང་ལ་ངོ་རྒོལ་དང་། གཞུང་གིས་ཁོ་ཚོར་དྲག་གནོན་ཚབས་ཆེན་བྱེད་བཞིན་ཡོད་པའི་གནད་དོན་དང་འབྲེལ་ནས། ཟླ་༨ པའི་ཚེས་༡༩ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་ལྷན་ཚོགས་ཤིག་དྲ་ཐོག་བརྒྱུད་ནས་འཚོགས་འདུག་པ་དང་། སྐབས་དེར་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་བཅས་མཉམ་ཞུགས་བྱས་འདུག ལྷན་ཚོགས་གྲོལ་བའི་རྗེས་སུ་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་མཱི་ཆེལ་གྱིས། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཚོས་བྷེ་ལ་རུ་མི་མང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་འོས་བསྡུ་དེ་ནི་རང་དབང་དང་དྲང་བདེན་གང་ཡང་བྱུང་མེད་ཁར། རྒྱལ་སྤྱིའི་ཚད་གཞི་དང་མཐུན་མེད་པས། བྷེ་ལ་རུ་གཞུང་གིས་གསལ་བསྒྲགས་བྱས་པའི་འོས་བསྡུའི་གྲུབ་འབྲས་དེར་ངོས་ལེན་མེད་སྐོར་བརྗོད་འདུག 

ཟླ་༨ པའི་ཚེས་༩ ཉིན་བྷེ་ལ་རུར་སྲིད་འཛིན་འོས་བསྡུ་བྱས་ཡོད་པ་དང་། རྒྱལ་ཁབ་དེའི་སྲིད་དབང་ཡུན་རིང་འཛིན་མཁན་སྲིད་འཛིན་(Alexander Lukashenko) གྱིས་ཁོང་ལ་འོས་གྲངས་བརྒྱ་ཆ་༨༠ ཐོབ་ནས་བསྐྱར་དུ་རྒྱལ་ཁ་ཐོབ་ཡོད་སྐོར་བསྒྲགས་པར། མི་མང་དང་ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས་འོས་བསྡུའི་གྲུབ་འབྲས་དེ་རྫུན་བཟོ་ཡིན་པའི་ཉེས་འཛུགས་བྱས་ཡོད་ཁར། ཕྱོགས་འགལ་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་(Svetlana Tikhanovskaya) ཡིས་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་ཕྱིན་ནས། འོས་བསྡུའི་རྒྱལ་ཁ་དེ་རང་ཉིད་ལ་ཐོབ་ཡོད་པའི་གསལ་བསྒྲགས་བྱས་ཡོད་འདུག འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་ནས་བཟུང་། མི་མང་གིས་མུ་མཐུད་ནས་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་འདུག་པས། ལས་འགུལ་དེ་ནི་ད་བར་རྒྱལ་ཁབ་དེ་ཕྱི་ལོ་༡༩༩༡ ལོར་རང་བཙན་ཐོབ་པའི་རྗེས་སུ་སྲིད་དབང་སྒེར་འཛིན་པའི་གཞུང་ལ་ངོ་རྒོལ་ལས་འགུལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག 

ཡུ་རོབ་མཐུན་ཚོགས་ཀྱིས་བྷེ་ལ་རུའི་འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱེད་མཁན་དང་། ངོ་རྒོལ་བ་ཚོར་དྲག་གནོན་བྱེད་བཞིན་པ་དེར་འགན་ཡོད་མཁན་ཚོར་དམིགས་ནས་ཉེས་ཆད་གྲ་སྒྲིག་བྱེད་བཞིན་ཡོད་འདུག འཇར་མན་དང་ཧྤ་རན་སིའི་འགོ་ཁྲིད་དང་། དེ་བཞིན་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ནས། བྷེ་ལ་རུའི་སྲིད་འཛིན་གྱི་མཐུན་ཕྱོགས་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་ལ་ཁ་པར་བརྒྱུད་ནས། རྩོད་རྙོག་དེ་སེལ་ཆེད་དུ་གྲོས་མོལ་བྱེད་པའི་ལམ་སྟོན་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག ཨུ་རུ་སུས་རྩོད་རྙོག་དེའི་ནང་ཐེ་བྱུས་བྱེད་སྲིད་སྐོར་དང་། རྒྱལ་ཁབ་གཞན་ནས་བྷེ་ལ་རུའི་ནང་ཐེ་བྱུས་དང་འགོ་ཁྲིད་ཚོར་གནོན་ཤུགས་སྤྲོད་ཐབས་བྱས་ནས་ངོས་ལེན་བྱེད་ཐབས་མེད་པའི་ཉེན་བརྡ་བཏང་ཡོད་འདུག 

འཇར་མན་གྱི་སྲིད་བློན་ལྕམ་མཱེར་ཁེལ་གྱིས་བྷེ་ལ་རུ་ནང་རྒྱལ་ཡོངས་གྲོས་མོལ་བྱེད་དགོས་པ་དང་། དེའི་ནང་སྲིད་འཛིན་(Alexander Lukashenko) ཡང་མཉམ་ཞུགས་ཀྱིས། རྩོད་རྙོག་དེ་ཞི་བའི་ཐོག་ནས་སེལ་ཐབས་བྱེད་དགོས་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།