ཡུག་རེན་གྱི་དམག་མི་དང་བྱང་ཀོ་རི་ཡའི་དམག་མི་བར་ཐེངས་དང་པོ་གདོང་ཐུག་བྱུང་ཡོད་པ་བརྗོད་འདུག

ཨ་རིའི་གསང་བའི་ལས་ཁུངས་དང་ལྷོ་ཀོ་རི་ཡ་སོགས་ཀྱིས་བརྗོད་དོན་ལ། བྱང་ཀོ་རི་ཡ་ནས་ཨུ་རུ་སུ་ལ་དཔུང་རོགས་ཆེད་དུ་དམག་མི་ཕོན་ཆེན་པོ་ཞིག་བཏང་ཡོད་པ་ཤེས་རྟོགས་བྱུང་ཡོད་ཚུལ་དང་། དེ་ཡང་བྱང་ཀོ་རི་ཡའི་དམག་མི་ཚོས་ཡུག་རེན་ནང་འབྱུང་བཞིན་པའི་དམག་འཁྲུག་ཁྲོད་མདུན་དུ་གཏོང་རྒྱུ་ཡིན་པ་བརྗོད་ཡོད་པ་བཞིན། ད་ཆར་ཡུག་རེན་གྱི་དམག་མི་རྣམས་ཀྱིས་བྱང་ཀོ་རིའི་དམག་མི་དང་ལྷན་དུ་གདོང་ཐུག་ཐེངས་དང་པོ་དེ་བྱུང་ཡོད་པ་བརྗོད།

པར། བྷི་བྷི་སི།


ཕྱི་ཚེས་༧ ཉིན་སྦི་སྦི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་གྱི་འགོ་ཁྲིད་མཐོ་གྲས་ཤིག་གིས་ད་ཆར་ཨུ་རུ་སུ་དང་། ཡུག་རེན་གཉིས་ཀྱི་དམག་འཁྲུག་ཁྲོད་ཐེངས་དང་པོ་བྱང་ཀོ་རི་ཡའི་དམག་མི་དང་། ཡུག་རེན་གྱི་དམག་མིའི་བར་གདོང་ཐུག་བྱུང་ཡོད་པ་བརྗོད་ཡོད་འདུག ལྷོ་ཀོ་རི་ཡའི་གསར་ཁང་(KBS)ཀེ་སྦེ་ཨེས་ཀྱིས་ཡུ་ཁེ་རེན་གྱི་བདེ་སྲུང་བློན་ཆེན་(Rustem Umerov)རོག་སེ་ཌན་ཨོ་མེར་ཝ་ལ་བཅར་འདྲི་བྱེད་སྐབས་བདེ་སྲུང་བློན་ཆེན་གྱིས་བྱང་ཀོ་རི་ཡའི་དམག་མི་ཉུང་ཤས་ཤིག་དམག་འཁྲུག་གི་མདུན་ས་ཐོན་ཟིན་ཡོད་པ་དང་། དམག་མི་དེ་དག་ལ་ཡུག་རེན་གྱིས་རྒོལ་རྡུང་དྲག་པོ་བྱས་ཡོད་པ་བརྗོད་འདུག ཡུག་རེན་གྱི་སྲིད་འཛིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོས་བྱང་ཀོ་རི་ཡས་དམག་མི་ཨུ་རུ་སུ་ནང་བཏང་བ་དེ་ལ་གདོང་ལེན་མ་བྱས་པའི་རྐྱེན་གྱིས་ད་ཆ་ཡུག་རེན་གྱི་དམག་མི་དང་། བྱང་ཀོ་རའི་ཡའི་དམག་མི་བར་གདོང་ཐུག་དངོས་སུ་བྱུང་ཟིན་པ་དང་། དེའི་རྐྱེན་པའི་མ་འོངས་པ་འཛམ་གླིང་ནང་དམག་འཁྲུག་རྒྱ་སྐྱེད་འགྲོ་སྲིད་པའི་ཉེན་བརྡ་བཏང་འདུག ཡུག་རེན་གྱིས་བརྗོད་དོན་ལ་ད་བར་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ཁྲོད་བྱང་ཀོ་རི་ཡའོ་དམག་མི་༡༡༠༠༠ ཙམ་ཡོད་པ་བརྗོད་འདུག ཉེ་ཆར་ལྷོ་ཀོ་རི་ཡ་དང་ཨ་རི། བྱང་ཆིངས་དམག་དོན་སྒྲིག་སོགས་ཀྱི་གསང་བའི་ལས་ཁུངས་ཁག་གིས་བྱང་ཀོ་རི་ཡའི་དམག་མི་ཨུ་རུ་སུ་དང་། ཡུག་རེན་གཉིས་ཀྱི་དམག་སའི་ཁྲོད་བཏང་ཡོད་པ་བརྗོད་ཡོད། འོན་ཀྱང་། ད་ཆར་ཨུ་རུ་སུ་དང་། བྱང་ཀོ་རི་ཡ་གཉིས་ཀས་གནད་དོན་དེ་སྐར་གང་ཡང་བཤད་ཡོད་མི་འདུག ཡུག་རེན་གྱི་དམག་མི་བཀོད་འདོམས་པ་(Andriy Kovalenko)ཟེར་བ་དེ་ཡིས་བརྗོད་དོན་ལ། ཨུ་རུ་སུའི་ལྷོ་ནུབ་ཀྱི་ས་ཁུལ་(Kursk)ཁོ་སེ་ནང་བྱང་ཀོ་རི་ཡའི་དམག་མི་རུ་ཁག་ཅིག་འབྱོར་ཡོད་པ་དང་། ས་ཁུལ་དེ་ནི་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་ས་མཚམས་ཆགས་ཀྱི་ཡོད་འདུག ད་དུང་ཁོང་གིས་བྱང་ཀོ་རི་ཡའི་དམག་མི་ཚོས་ཨུ་རུ་སུའི་དམག་མིའི་སྒྲིག་ཆས་གྱོན་ནས་དམག་སྦྱོང་ཐེངས་མང་ཐོབ་ཡོད་པ་དང་། དམག་མི་དེ་དག་ཨུ་རུ་སུའི་དམག་སྡེ་ལྔ་ནང་བགོས་ཡོད་ཅིང་། དམག་སྡེ་རེ་རེ་ལ་བྱང་ཀོ་རི་ཡའི་དམག་མི་༣༠༠༠ རེ་ཡོད་པ། དེ་བཞིན་དམག་མི་དེ་དག་ད་ཆ་དམག་འཁྲུག་གི་མདུན་དུ་བཏང་ཡོད་པ་བརྗོད་འདུག
སྲིད་དོན་དཔྱད་བརྗོད་པ་དག་གིས་ད་ཆར་ཨུ་རུ་སུ་དང་། བྱང་ཀོ་རི་ཡ་གཉིས་བར་དམག་མི་དང་གོ་མཚན་ཚོང་འབྲེལ་བྱེད་ཀྱི་ཡོད་པ་བརྗོད་འདུག་ལ། དེ་བཞིན་ཁ་སང་གཟའ་ལྷག་པའི་ཉིན་ཨུ་རུ་སུ་དང་། བྱང་ཀོ་རི་ཡ་གཉིས་བར་ཕྱོགས་གཉིས་ཀའི་ཐུན་མོང་གི་བདེ་སྲུང་ཆེད་དུ་གྲོས་མཐུན་ཞིག་བཞག་ཡོད་པ་བརྗོད།།

གསར་འགོད་པ། བསོད་ནམས་ཕུན་ཚོགས།