ཡུག་རེན་གྱིས་ཨ་རི་ལ་རང་བྱུང་ཐོན་ཁུངས་རིགས་སྤྲོད་རྒྱུར་མོས་མཐུན་བྱུང་ཡོད་པར་བརྗོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་དེ་སྔོན་ཡུག་རེན་གྱི་ངོས་ནས་ཨ་རི་ལ་རང་བྱུང་ཐོན་ཁུངས་སྤྲད་ན་ཨ་རིས་ཡུག་རེན་ལ་མུ་མཐུད་ནས་གོ་མཚོན་གྱི་རོགས་རམ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་བཞིན་ད་ཆར་ཡུག་རེན་གྱིས་ཨ་རི་ལ་རང་བྱུང་ཐོན་ཁུངས་སྤྲོད་རྒྱུ་ཡིན་པ་ཡུག་རེན་གཞུང་གི་མི་སྣ་ཞིག་གིས་བྷི་བྷི་སི་ལ་བརྗོད་ཡོད་འདུག
ཕྱི་ཚེས་༢༦ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་གྱི་རྒྱལ་ས་ནས་གཞུང་གི་མི་སྣ་ཞིག་གིས་ཡུག་རེན་གྱི་ངོས་ནས་ཨ་རི་ལ་རང་བྱུང་ཐོན་ཁུངས་སྤྲོད་རྒྱུ་ཡིན་པ་བྷི་བྷི་གསར་ཁང་ལ་བརྗོད་ཡོད་འདུག གཞུང་གི་ལས་བྱེད་དེས་ང་ཚོས་ཨ་རི་ལ་རང་བྱུང་ཐོན་ཁུངས་སྤྲོད་རྒྱུ་མོས་མཐུན་བྱུང་ཡོད་པ་དང་། མ་འོངས་པར་བཟང་ཕྱོགས་ཀྱི་འབྲས་བུ་ཞིག་ཡོང་བའི་རེ་བ་ཡོད་པར་བརྗོད་པ་ལས་ཞིབ་ཕྲ་བཤད་ཡོད་མི་འདུག འོན་ཀྱང་། ཨ་རིའི་ཐོག་མའི་དགོས་འདུན་ནང་ཡུག་རེན་གྱིས་ཨ་རི་ལ་ཨ་སྒོར་ཐེར་འབུམ་༥༠༠ ཡི་རང་བྱུང་ཐོན་ཁུངས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དེ་བཞིན་ཡུག་རེན་གྱི་ངོས་ནས་ཨ་རིས་ཡུག་རེན་གྱི་བདེ་འཇགས་སྲུང་སྐྱོབ་འགན་ལེན་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག་ཀྱང་། ཨ་རིས་ངོས་ལེན་བྱས་ཡོད་མི་འདུག
ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་བདུན་ཕྲག་འདི་དང་ཡང་ན་བདུན་ཕྲག་རྗེས་མའི་ནང་ཡུག་རེན་གྱི་སྲིད་འཛིན་(Zelensky)ཨ་རི་ལ་ཡོང་འཆར་ཡོད་པ་དང་། སྐབས་དེ་དུས་ཐག་གཅོད་བྱེད་རྒྱུ་ཡིན་པར་བརྗོད་འདུག་ལ། ད་ཆར་ཡུག་རེན་ལ་ཨ་རིའི་གོ་མཚོན་སོགས་ཀྱི་རྒྱབ་སྐྱོར་མེད་ཚེ་ཡུག་རེན་དུས་ཡུན་ཐུང་ཐུང་ནང་ཤོར་རྒྱུ་ཡིན་ཚུལ་ཊོམ་གྱིས་བརྗོད་འདུག ད་དུང་གསར་འགོད་པས་ཊོམ་ལ་ཨ་རིའི་ངོས་ནས་ཡུག་རེན་ལ་གོ་མཚོན་རོགས་རམ་མུ་མཐུད་ནས་སྤྲོད་རྒྱུ་ཡིན་ནམ་ཞེས་འདྲི་སྐབས། ཊོམ་གྱིས་ཨུ་རུ་སུ་དང་ལྷན་དུ་གྲོས་མཐུན་མ་བྱུང་བར་གོ་མཚོན་མུ་མཐུད་ནས་སྤྲོད་རྒྱུ་ཡིན་པ་དང་། འོན་ཀྱང་། ང་ཚོས་ངེས་པར་དུ་ཞི་འགྲིག་གང་མགྱོགས་ཡོང་ཐབས་བྱེད་དགོས་པར་བརྗོད་འདུག
བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཡུག་རེན་གྱི་སྲིད་འཛིན་ནི་སྒེར་གཅོད་པ་ཞིག་ཡིན་པ་དང་། ཡུག་རེན་གྱིས་ཨུ་རུ་སུ་ལ་དམག་འཁྲུག་འགོ་བཙུགས་ཡོད་ཚུལ་གྱི་སྐད་ཆ་ཞིག་བཤད་པར་བརྟེན། ཡུག་རེན་སྲིད་འཛིན་གྱིས་ཨ་རིའི་སྲིད་འཛིན་ཨུ་རུ་སུའི་གནས་ཚུལ་རྫུན་མའི་འཇིག་རྟེན་ནང་ཡོད་པ་ལས་དངོས་ཡོད་གནས་ཚུལ་ཤེས་རྟོགས་མེད་པར་བརྗོད་ཡོད་འདུག སྐབས་དེར་ཊོམ་གྱིས་ཡུག་རེན་གྱི་ངོས་ནས་ཨ་རི་ལ་ཨ་སྒོར་ཐེར་འབུམ་༥༠༠ ཡི་རང་བྱུང་ཐོན་ཁུངས་སྤྲོད་དགོས་པའི་དགོས་འདུན་འདོན་དུས། ཡུག་རེན་སྲིད་འཛིན་གྱིས་ཨ་སྒོར་དེ་ལྟར་མང་པོ་ཞིག་གི་ཐོན་ཁུངས་སྤྲོད་རྒྱུ་མེད་པ་དང་། ངས་ཡུག་རེན་རྒྱལ་ཁབ་བཙོང་རྒྱུའི་འདོད་པ་མེད་ཅེས་བརྗོད་འདུག དེའི་རྗེས་ཊོམ་གྱིས་ད་བར་ཨ་རིའི་ངོས་ནས་ཡུག་རེན་ལ་ཨ་སྒོར་ཐེར་འབུམ་༣༠༠ ནས་༥༠༠ སྤྲད་ཡོད་པས་དེ་དག་ཕྱིར་སྤྲོད་དགོས་པ་དང་། ཨ་རིའི་མི་མང་ཚོའི་དཔྱ་ཁྲལ་རྣམས་ཚུལ་རག་གི་རེད་ཅེས་བརྗོད་ཡོད་འདུག
ཁ་སང་གཟའ་མིག་དམར་ཉིན་ཡུག་རེན་གྱི་སྲིད་བློན་གཞོན་པ་(Olha Stefanishyna)ཟེར་བ་དེ་ཡིས་དཔལ་འབྱོར་དུས་བབ་གསར་ཁང་ལ་བརྗོད་དོན། ཨ་རི་ལ་ཡུག་རེན་གྱི་རང་བྱུང་ཐོན་ཁུངས་སྤྲོད་རྒྱུར་ཡུག་རེན་གྱི་ངོས་ནས་མོས་མཐུན་བྱུང་ཡོད་པ་དང་། གནད་དོན་དེ་ནི་གནད་དོན་ཆེན་པོ་གཞན་ཞིག་གི་ཆ་ཤས་ཡིན་ཞིང་། གནས་ཚུལ་ཞིབ་ཕྲ་རྗེས་སུ་གྲོས་མོལ་གྱི་ལམ་ནས་ཁ་གསལ་ཆགས་ཀྱི་རེད་ཅེས་བརྗོད་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱི་དུས་སྐབས་སུ་རྒྱལ་ཁབ་སུ་ཞིག་ལ་ཨ་རིའི་རོགས་རམ་དགོས་ཚེ། ཕན་ཚུན་རོགས་རམ་བྱེད་རེས་བྱེད་དགོས་པ་ལས་ཆབ་སྲིད་ཀྱི་ཐབས་བྱུས་དང་སྐྱོབ་གསོའི་རོགས་རམ་བྱེད་རྒྱུའི་དུས་ཡུན་རྫོགས་ཟིན་པར་རྗོད་ཀྱི་ཡོད་འདུག འདས་པའི་ལོ་ངོ་༧༥ རིང་འཛམ་གླིང་ནང་དུ་ཨ་རིའི་དཔལ་འབྱོར་རོགས་རམ་རྣམས་ད་ཆར་མེད་པ་བཟོ་བཞིན་ཡོད་འདུག དཔེར་ན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་གླིང་ཕྲན་དེ་དམག་འཁྲུག་གིས་རྐྱེན་པས་དཔལ་འབྱོར་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པར་བརྟེན། ཨ་རིའི་ཕྱི་སྲིད་དྲུང་ཆེ་(George Marshalཇོར་ཇི་མར་ཤོལ)ཟེར་བ་དེའི་མིང་ཐོག་ནས་(the Marshall Plan)མ་ཤེལ་འཆར་གཞི་ཟེར་བའི་ཡུ་རོབ་ལ་དཔལ་འབྱོར་ཐོག་རོགས་རམ་བྱེད་འགོ་བཙུགས་ཡོད་འདུག་པ་དང་། སྲིད་འཛིན་ཟུར་པ་(George W Bush)ཇོར་ཇི་ཊབ་ལུ་བྷུ་ཤི་སྐབས་སུ་འཛམ་གླིང་ནང་དམངས་གཙོ་དང་རང་དབང་དར་སྤེལ་གཏོང་ཆེད་དུ་(Freedom Agenda)རང་དབང་ལས་འཆར་ཟེར་བའི་དཔལ་འབྱོར་ཐོག་ནས་རོགས་རམ་སྤྲོད་རྒྱུའི་ལས་འཆར་མང་པོ་ཞིག་འགོ་འཛུགས་བྱས་ཡོད་འདུག་ཀྱང་། ད་ཆར་དེ་ཚོ་ཚང་མ་མེད་པ་བཟོ་བཞིན་ཡོད་འདུག
ཊོམ་གྱིས་ཨ་རི་ཨང་དང་པོ་ཟེར་བའི་འབོད་ཚིག་ཞིག་གི་འོག་ནས་ཨ་རིས་ལོ་ངོ་མང་པོའི་རིང་རྒྱུན་འཁྱོངས་བྱས་པའི་ཕྱི་འབྲེལ་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཞིག་གཏོང་བཞིན་ཡོད་འདུག་པ་དང་། ཡུག་རེན་དང་ཨ་རི་གཉིས་བར་རང་བྱུང་ཐོན་ཁུངས་དང་འབྲེལ་བའི་གྲོས་མཐུན་དེ་ལ་ཡུག་རེན་གྱི་ཕྱི་སྲིད་བློན་ཆེན་(Andrii Sybiha)དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Marco Rubio)གཉིས་ཀྱིས་མཚན་རྟགས་འགོད་རྒྱུ་ཡིན་འདུག
ཡུག་རེན་ནང་རང་བྱུང་ཐོན་ཁུངས་འདྲ་མིན་ཡོད་པའི་ནང་ནས་སྣུམ་དང་། རྡོ་སོལ། རླངས་རྫས། དེ་བཞིན་(lithium)ལི་ཐིམ་ཟེར་བ་དེ་ཧ་ཅང་ཕོན་ཆེན་པོ་ཡོད་འདུག ཐོན་ཁུངས་དེ་གློག་གི་རླངས་འཁོར་ནང་ཧ་ཅང་དགོས་མཁོ་ཆེན་པོ་ཡིན་འདུག་པར་བརྟེན། ཨ་རི་ལ་དེ་དགོས་མཁོ་ཆེན་པོ་ཆགས་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།