ཡུག་རེན་དང་ར་ཤི་ཡ་གཉིས་བར་ཁ་སང་གྲོས་མོལ་སྐབས་སུ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བྱུང་མི་འདུག 

ཉེ་ཆར་ར་ཤི་ཡ་དང་ཡུག་རེན་གཉིས་བར་གྲོས་མོལ་ཐེངས་གཉིས་པ་དེ་མ་བྱས་སྔོན་དུ་ཡུག་རེན་གྱིས་ར་ཤི་ཡའི་དམག་སྒར་བཞི་ལ་གཏོར་རྒོལ་དྲག་པོ་བྱས་ནས་རྒྱལ་སྤྱིའི་ཐོག་ར་ཤི་ཡར་ངོ་ཚ་པོ་བཟོས་ཡོད་པ་དང་། ཁ་སང་གཟའ་ཟླ་བའི་ཉིན་ར་ཤི་ཡ་དང་ཡུག་རེན་གཉིས་བར་ཏུར་ཀིའི་རྒྱལ་ཁབ་ནང་གཞུང་འབྲེལ་གྱི་གྲོས་མོལ་བྱས་ཡོད་འདུག་ཀྱང་། དམག་མི་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་གཏོང་རྒྱུ་ལས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བྱུང་མི་འདུག

ཕྱི་ཚེས་༣ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་དང་ར་ཤི་ཡ་གཉིས་བར་གྱི་ཐེངས་གཉིས་པའི་གྲོས་མོལ་དེ་ཁ་སང་གཟའ་ཟླ་བའི་ཉིན་བྱས་ཡོད་འདུག་ཀྱང་། གྲོས་མོལ་དེའི་བརྒྱུད་ནས་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་གྲོས་མཐུན་བྱུང་མི་འདུག ཐེངས་འདིར་ཕྱོགས་གཉིས་ཀྱིས་འཛིན་བཟུང་བྱས་པའི་དམག་མི་རྣམས་གློད་བཀྲོལ་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག་པ་དང་། སྐབས་དེར་ཡུག་རེན་གྱི་ངོས་ནས་དུས་ཚོད་ཚད་མེད་ཀྱི་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་གྲོས་འགོ་བཏོན་ཡོད་འདུག་ཀྱང་། ར་ཤི་ཡའི་ངོས་ནས་ཉིན་གྲངས་གཉིས་གསུམ་ཙམ་ལས་དམག་མཚམས་འཇོག་རྒྱུར་ངོས་ལེན་བྱས་ཡོད་མི་འདུག མོས་མཐུན་བྱུང་བ་ནི་ཕྱོགས་གཉིས་ཀྱི་དམག་མི་རང་ལོ་༢༥ འོག་ཏུ་ཡིན་མཁན་དང་། རྨས་སྐྱོན་ཚབས་ཆེན་པོ་ཕོག་མཁན། ན་བ་བཅས་མི་གྲངས་༡༢༠༠༠ ཙམ་གློད་བཀྲོལ་གཏོང་རྒྱུའི་གྲོས་མཐུན་བྱུང་འདུག ཁ་སང་གི་གྲོས་མོལ་དེ་ཆུ་ཚོད་གཅིག་ཙམ་ལས་འཚོགས་མེད་པ་དང་། གྲོས་མོལ་མ་འཚོགས་པའི་སྔོན་ནས་ཐེངས་གཉིས་པའི་གྲོས་མོལ་དེ་ལ་རེ་བ་དེ་ཙམ་མེད་པ་ཤེས་ཐུབ་ཀྱི་ཡོད་འདུག ཡུག་རེན་གྱི་བདེ་སྲུང་བློན་ཆེན་(Rustem Umerov)ཟེར་བ་ཁོང་གིས་ང་ཚོའི་སྐུ་ཚབ་ངོས་ནས་ཉུང་མཐའ་ལ་ཉིན་གྲངས་༣༠ རིང་དམག་འཁྲུག་མཚམས་འཇོག་ཡོང་ཐབས་བྱས་ཡོད་ཅེས་བརྗོད་པ་དང་། ཡུག་རེན་གྱི་སྲིད་འཛིན་གྱིས་དྲྭ་ཐོག་ཏུ་ར་ཤི་ཡ་ལ་དམག་འཁྲུག་མཚམས་འཇོག་བྱེད་རྒྱུ་ནི་མི་གསོན་པོ་རྣམས་རོ་མ་ཆགས་པའི་ཆེད་དུ་ཡིན་ཞེས་བརྗོད་འདུག 

གྲོས་མོལ་སྐབས་སུ་ར་ཤི་ཡའི་འདོད་དོན་ནི་ཡུག་རེན་གྱི་ས་ཆ་བཞི་ལ་ར་ཤི་ཡའི་དམག་མིས་བཟུང་ཡོད་པས། ས་ཆ་དེ་དག་ར་ཤི་ཡ་ལ་སྤྲོད་དགོས་པ་དང་། ཡུག་རེན་གྱི་དམག་མི་རྣམས་ས་ཆ་དེ་དག་ནས་ཕྱིེར་འཐེན་བྱེད་དགོས་པ། རྒྱལ་སྤྱིའི་གཞུང་འདྲ་མིན་ནས་ར་ཤི་ཡའི་ཐོག་ཏུ་སྒོ་ཁྲལ་བཀལ་བ་དག་མེད་པ་བཟོ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུག གྲོས་མོལ་འདི་བརྒྱུད་ཕྱོགས་གཉིས་ཀ་ནས་དམག་མི་༦༠༠༠ རེ་གློད་བཀྲོལ་གཏོང་འཆར་ཡོད་འདུག་ཀྱང་། ག་དུས་གློད་མིན་ད་ལྟ་ཤེས་ཀྱི་ཡོད་མི་འདུག དེ་སྔོན་ཕྱི་ཟླ་༥ པའི་ཚེས་༡༦ ཉིན་གྲོས་མོལ་ཐེངས་དང་པོའི་སྐབས་སུ་ཕྱོགས་སོ་སོ་ནས་དམག་མི་༡༠༠༠ རེ་ཀློད་བཀྲོལ་བཏང་ཡོད་འདུག ཨ་རིའི་གཞུང་གི་ངོས་ནས་ཕྱོགས་གཉིས་ཀའི་བར་གྲོས་མོལ་ཡོང་ཐབས་སུ་འབད་བརྩོན་དང་གནོན་ཤུགས་ཆེན་པོ་སྤྲད་ཡོད་ཀྱང་། ར་ཤི་ཡའི་གཞུང་གིས་ཉན་མེད་པར་བརྟེན། མ་འོངས་པར་སྒོ་ཁྲལ་སྔར་ལས་མང་བ་འགེལ་རྒྱུ་ཡུག་རེན་གྱིས་རེ་བ་བྱེད་བཞིན་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།