ཡུག་རེན་དང་ཨ་རི་གཉིས་བར་རང་བྱུང་ཐོན་ཁུངས་དང་འབྲེལ་བའི་གྲོས་མཐུན་ཞིག་བཞག་ཡོད་འདུག

ཨ་རིའི་གཞུང་དང་ཡུག་རེན་གཉིས་བར་ཟླ་བ་མང་པོའི་རིང་གྲོས་མོལ་བྱས་རྗེས་རང་བྱུང་ཐོན་ཁུངས་དང་འབྲེལ་བའི་གྲོས་མཐུན་ཞིག་བཞག་ཡོད་འདུག་ལ། གྲོས་མཐུན་དེའི་བརྒྱུད་ནས་ཨ་རི་གཞུང་གིས་ཡུག་རེན་གྱི་བདེ་སྲུང་ཆེད་དུ་དངུལ་ཕོན་ཆེན་གཏོང་བཞིན་པ་དག་རྒྱུན་གནས་ཐུབ་ཆེད་དུ་ཡིན་པར་རྗོད་བཞིན་འདུག
ཕྱི་ཚེས་༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་ནོར་སྲིད་ལྷན་ཁང་གི་དྲུང་ཆེ་དང་། ཡུག་རེན་གྱི་སྲིད་བློན་གཞོན་པ་གཉིས་བར་ཡུག་རེན་གྱི་རང་བྱུང་ཐོན་ཁུངས་ཐོག་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་འདུག ཨ་རིའི་ནོར་སྲིད་དྲུང་ཆེ་(Scott Bessent)ཡིས་ཡུག་རེན་དང་ཨ་རི་གཉིས་བར་རང་བྱུང་ཐོན་ཁུངས་ཐོག་མཉམ་ལས་བྱས་ནས་ཡུག་རེན་ནང་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་དང་། ཡུག་རེན་ནང་ཞི་བདེ་ཡོང་ཐབས་སུ་འབད་རྒྱུ་ཡིན་པར་བརྗོད་འདུག དམིགས་ཡུལ་གཞན་ཞིག་ནི་ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་འགོ་བཙུགས་ནས་ཡུག་རེན་གྱི་དཔལ་འབྱོར་ཉམས་རྒུད་ཧ་ཅང་ཕྱིན་ཡོད་པར་བརྟེན། དེ་བསྐྱར་གསོ་ཡོང་ཐབས་སུ་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་བརྗོད་འདུག་པ་དང་། དེ་བཞིན་ཨ་རིའི་ནོར་སྲིད་ལྷན་ཁང་ནས་ཡུག་རེན་དང་ཨ་རི་གཉིས་བར་གྲོས་མཐུན་བཞག་པ་དེ་ནི། ཡུག་རེན་གྱི་དཔལ་འབྱོར་བསྐྱར་གསོའི་ཐད་མ་རྩ་ཕོན་ཆེན་པོ་འཛུགས་རྒྱུའི་དམིགས་ཡུལ་ཡིན་པར་བརྗོད་འདུག
ཁ་སང་ཡུག་རེན་གྱི་སྲིད་བློན་གཞོན་པ་(Yulia Svyrydenko)ཡིས་ད་ཆར་ཡུག་རེན་ནང་ཕྱིའི་རྒྱལ་ཁབ་ཚོས་མ་རྩ་འཛུགས་རྒྱུ་ལ་གོ་སྐབས་ཡོད་པ་དང་། དེ་ནི་རྡོ་སྣུམ་དང་། རླངས་རྫས། གཞན་ཐོན་ཁུངས་ཁག་ཏུ་མ་རྩ་འཛུགས་ཆོག་ཅིང་། དེའི་ཚབ་དུ་ཡུག་རེན་ལ་བདེ་སྲུང་ཆེད་དུ་རོགས་རམ་བྱེད་ཆོག་གི་རེད་བརྗོད་འདུག ཐེངས་འདིར་ཨ་རི་དང་ཡུག་རེན་གཉིས་བར་གྲོས་མཐུན་བཞག་པ་དེའི་བརྒྱུད་ནས་ཨ་རིའི་ངོས་ནས་ཡུག་རེན་གྱི་བདེ་སྲུང་ཐད་རོགས་རམ་བྱེད་རྒྱུ་ཡིན་པ་དང་། དཔེར་ན། བར་སྣང་ནས་གོ་མཚོན་འགོག་རྒོལ་བྱེད་ཐུབ་པའི་བདེ་སྲུང་མ་ལག་སྤྲོད་རྒྱུ་ཡིན་པར་བརྗོད་འདུག

ཐེངས་འདིར་བཞག་པའི་གྲོས་མཐུན་དེ་ལ་བལྟས་ན་ཡུག་རེན་གྱི་ངོས་ནས་ཨ་རི་ལ་རང་བྱུང་ཐོན་ཁུངས་མང་པོ་སྤྲད་ནས། མ་འོངས་པར་བདེ་སྲུང་གི་ཆེད་དུ་རོགས་རམ་མུ་མཐུད་ནས་རག་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུག འོན་ཀྱང་། སྲིད་འཛིན་ཊོམ་གྱིས་ད་བར་ཨ་རིའི་ངོས་ནས་ཡུག་རེན་ལ་དམག་དོན་གོ་མཚོན་རོགས་རམ་ག་ཚོད་སྤྲད་པ་དག་ཚུར་རག་ཐབས་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག སྲིད་དོན་དཔྱད་ཞིབ་པ་དག་གིས་བརྗོད་དོན་ལ། སྤྱིར་བཏང་གྲོས་མཐུན་དེ་ཕྱི་ཟླ་༢ པའི་ནང་འཇོག་ཐབས་བྱས་ཡོད་ཀྱང་། ཡུག་རེན་གྱིས་ཁས་མ་བླངས་པའམ་དུས་འགྱངས་བྱས་ཏེ་ཨ་རིས་ཡུག་རེན་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་སྐུལ་མ་བྱས་ཡོད་ཀྱང་། ཨ་རིས་དེ་ལ་ངོས་ལེན་བྱས་མེད་པར་བརྟེན། ད་བར་གྲོས་མཐུན་དེ་འཇོག་ཐུབ་མེད་པར་བརྗོད། ཉེ་ཆར་ཡེ་ཤུའི་བླ་ཆེན་(Pope)པོབ་འདས་གྲོངས་སུ་གྱུར་ནས་སྐུ་ཕུང་རྗེས་འཇུག་བྱེད་དུས་ཨ་རིའི་སྲིད་འཛིན་དང་ཡུག་རེན་གྱི་སྲིད་འཛིན་གཉིས་བར་ཐུག་འཕྲད་བྱས་ནས་དེའི་སྐོར་གྲོས་མོལ་བྱས་ཡོད་འདུག
ཨ་རིའི་སྲིད་འཛིན་གྱིས་ངས་ཡུག་རེན་གྱི་སྲིད་འཛིན་ལ་ལབ་པ་ཡིན། ཨུ་རུ་སུ་ནི་རྒྱལ་ཁབ་ཧ་ཅང་སྟོབས་འབྱོར་ཆེ་བ་དང་། རྒྱལ་ཁབ་ཆེན་པོ་ཡིན་པས། ཨ་རི་དང་ཡུག་རེན་གཉིས་བར་གྲོས་མཐུན་བཞག་པ་ནི་ཧ་ཅང་ཡག་པོ་རེད། ང་ཚོས་རང་བྱུང་ཐོན་ཁུངས་ཐོག་མཉམ་ལས་བྱེད་ཆོག་གི་རེད། ང་ཚོ་ལ་མེད་པའི་ཐོན་ཁུངས་མང་པོ་ཞིག་ཁྱོད་ཚོ་ལ་ཡོད། མ་འོངས་པར་སྒོར་ཐེར་འབུམ་མང་པོ་བཟོ་ཆོག་པའི་ཐོན་ཁུངས་ཡོད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།