ཡུག་རེན་སྲིད་འཛིན་གྱིས་ཊོམ་ལ་གཏེར་རྫས་སོཌ་ཀྱི་གན་རྒྱར་མཚན་རྟགས་འགོད་རྒྱུའི་གྲ་སྒྲིག་ཡོད་ཅེས་ཡི་གེ་བཏང་འདུག
ཨ་རིའི་སྲིད་འཛིན་ཊོམ་དང་ཡུག་རེན་གྱི་སྲིད་འཛིན་ཛི་ལན་སི་ཀི་གཉིས་ཕོ་བྲང་དཀར་པོའི་ནང་ཐུག་འཕྲད་བྱེད་སྐབས། དབུ་ཁྲིད་གཉིས་བར་ཁ་རྩོད་ཤོར་ནས་གྲོས་མཐུན་ལ་མཚན་རྟགས་བཀོད་ཐུབ་མེད་པ་མ་ཟད། མཇལ་འཕྲད་རྗེས་ཊོམ་སྲིད་གཞུང་གིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་མཚམས་འཇོག་བྱས་པ་སོགས་གནས་ཚུལ་ལ་འགྱུར་ལྡོག་བྱུང་ཡོད་པ་དང་། ཡུག་རེན་གྱི་སྲིད་འཛིན་གྱིས་གྲོས་མཐུན་ལ་མཚན་རྟགས་མ་བཀོད་པའི་གྲུབ་འབྲས་ནི་ད་ལྟའི་ཆར་ཡུག་རེན་ལ་དགོས་པ་ཞིག་མིན་ཡང་། ཨ་རིའི་མང་གཙོ་ཚོགས་པས་གྲོས་མཐུན་ལ་ངོས་ལེན་མི་བྱེད་པའི་སྐུལ་འདེད་བྱས་ཡོད་པ་དང་། ཉེ་ཆར་ཡུག་རེན་སྲིད་འཛིན་གྱིས་སྲིད་འཛིན་ཊོམ་ལ་འཕྲིན་ཡིག་གཅིག་བསྐུར་ནས་གྲོས་མོལ་དང་། གཏེར་རྫས་དང་འབྲེལ་བའི་གན་རྒྱ་ལ་མཚན་རྟགས་འགོད་རྒྱུའི་གྲ་སྒྲིག་ཡོད་ཅེས་བརྗོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༥ ཉིན། དཔལ་འབྱོར་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་(Chris Murphy) ཡིས། སྲིད་འཛིན་ཊོམ་དང་ཡུག་རེན་གྱི་སྲིད་འཛིན་ཛི་ལན་སི་ཀིའི་བར་མཇལ་འཕྲད་མ་བྱས་པའི་སྔོན། ཡུག་རེན་གྱི་སྲིད་འཛིན་དང་མང་གཙོ་ཚོགས་པའི་འཐུས་མི་ཚོ་ཐུག་འཕྲད་བྱས་ཡོད་པ་དང་། ཐུག་འཕྲད་དེས་ཁོང་གིས་སྲིད་འཛིན་ཊོམ་དང་མཇལ་འཕྲད་སྐབས་ཀྱི་ལངས་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཡོད་པར་བརྗོད་འདུག མང་གཙོ་ཚོགས་པའི་འཐུས་མི་དང་ཡུག་རེན་གྱི་སྲིད་འཛིན་བར་ཐུག་འཕྲད་བྱས་པའི་རྗེས། གོང་གསལ་འཐུས་མི་དེས་སྤྱི་ཚོགས་དྲྭ་རྒྱའི་ཐོག ཡུག་རེན་གྱི་སྲིད་འཛིན་གྱིས་ཁོང་ཚོའི་བགྲོ་གླེང་སྐབས། ཞི་མོལ་ནང་ཡུག་རེན་གྱི་བདེ་འཇགས་ལ་འགན་ལེན་མེད་ཚེ། ཨུ་རུ་སུ་དང་མཉམ་དུ་ཞི་བའི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་རྒྱུ་མིན་པ་གཏན་འཁེལ་བྱས་ཡོད་ཅེས་བཀོད།
ཨ་རིའི་(Newyorkpost) གསར་ཁང་གིས་མང་གཙོ་ཚོགས་པས་ཡུག་རེན་གྱི་སྲིད་འཛིན་ལ། སྲིད་འཛིན་ཊོམ་གྱིས་བཏོན་པའི་གཏེར་རྫས་གན་རྒྱ་ལ་ཁས་ལེན་བྱེད་མི་རུང་བའི་བསླབ་བྱ་བརྒྱབ་ནས་ཁ་ཕྱོགས་ངན་པ་ཞིག་ཏུ་ཁྲིད་ཡོད་པ་དང་། སྲིད་འཛིན་ཛི་ལན་སི་ཀིས་ཀྱང་། སྲིད་འཛིན་ཊོམ་ལ་ཁ་གཏད་གཅོག་མཁན་ཞིག་ནས་བསླབ་བྱ་བླངས་ནས་གཏེར་རྫས་དང་འབྲེལ་བའི་གན་རྒྱ་ལ་མཚན་རྟགས་བཀོད་མེད་པ་དང་།
སྲིད་འཛིན་ཛི་ལན་སི་ཀི་ཡིས་གན་རྒྱ་ལ་མཚན་རྟགས་མ་བཀོད་པར་བརྟེན། ད་ལྟའི་ཆར་ཡུག་རེན་ལ་ཨ་རི་ཁོ་ནས་མ་གཏོགས་མཁོ་སྤྲོད་བྱེད་མི་ཐུབ་པའི་དམག་དོན་དང་ཕྱི་འབྲེལ་གྱི་སྲུང་སྐྱོབ་མེད་པ་བཟོས་ཡོད་པ་མ་ཟད། སྲིད་འཛིན་ཁོང་ནི་ཊོམ་གྱི་འཆར་གཞི་བློས་བཏང་ནས་ཡུ་རོབ་དང་། མང་གཙོ་ཚོགས་པའི་རོགས་རམ་འོག་ཊོམ་ནས་གན་རྒྱ་དེ་ལས་ཡག་པ་ཞིག་ཐོབ་ཐབས་བྱེད་མཁན་གྱི་བླུན་པོ་ཞིག་རེད་ཅེས་བརྗོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཁག་ཅིག་གིས་ད་བར་ཡུག་རེན་ལ་དམག་དོན་སོགས་ཀྱི་རོགས་རམ་ཤུགས་ཆེ་ཤོས་བྱེད་མཁན་ནི་ཨ་རི་ཡིན་པ་དང་། ཡུག་རེན་གྱི་སྲིད་འཛིན་གྱིས་གན་རྒྱ་ལ་མཚན་རྟགས་མ་བཀོད་པ་ནི། ཡུག་རེན་གྱི་ཕམ་ཁ་དང་ཨུ་རུ་སུའི་རྒྱལ་ཁ་ཞིག་ཆགས་ཡོད་པར་བརྗོད་འདུག ཡིན་ཡང་། ཨ་རིའི་མང་གཙོ་ཚོགས་པ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུག་རེན་གྱི་སྲིད་འཛིན་གྱིས་གན་རྒྱ་ལ་མཚན་རྟགས་མ་བཀོད་པ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་འདུག
གཞན་ཡང་ཟླ་འདིའི་ཚེས་༥ ཉིན། རྒྱ་གར་གྱི་(Firstpost) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་ངོ་གསུམ་གྱི་རིང་། ཨ་རིས་ཡུག་རེན་ལ་དམག་སྦྱོང་དང་མཚོན་ཆ་མཁོ་སྤྲོད། ཐབས་བྱུས་སོགས་ཀྱི་རོགས་སྐྱོར་བྱས་ཡོད་ན་ཡང་། བདུན་འདིའི་རེས་གཟའ་ཟླ་བའི་ཉིན། ཨ་རིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་མཚམས་འཇོག་བྱས་ཡོད་འདུག
བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གྲོས་མོལ་གྱི་སྔོན་དུ་ཡུག་རེན་གྱི་གནས་སྟངས་གང་ལེགས་སུ་གཏོང་ཆེད། ཡུ་རོབ་རྒྱལ་ཁབ་ཁག་གི་ཚོགས་ཆེན་ཞིག་བསྐོངས་ཤིང་། ཚོགས་འདུའི་ཐོག་ཡུ་རོབ་རྒྱལ་ཁབ་ཁག་གི་རྒྱལ་སྲུང་དང་ཡུག་རེན་ལ་དམག་དོན་རོགས་སྐྱོར་ཆེད་མཐུན་ཚོགས་ཀྱིས་ཨ་སྒོར་ཐེར་འབུམ་༨༤༡ གི་འཆར་གཞི་ཞིག་གྲོས་ཚོགས་སུ་བཏོན་ཡོད་ན་ཡང་། འདས་པའི་ལོ་ངོ་གསུམ་གྱི་རིང་། ཨ་རི་གཅིག་པུས་ཡུག་རེན་ལ་དམག་དོན་ཆེད་ཨ་སྒོར་ཐེར་འབུམ་༦༥ རོགས་རམ་བྱས་ཡོད་པ་དང་། ཡུ་རོབ་རྒྱལ་ཁབ་ཉི་ཤུ་རྩ་བདུན་ལྷག་གིས་ཡུག་རེན་ལ་དམག་དོན་རོགས་རམ་ཨ་སྒོར་ཐེར་འབུམ་༥༡ མ་གཏོགས་བྱས་མེད་པས། ཡུ་རོབ་དང་ཨ་རི་གཉིས་ཀྱི་རོགས་རམ་བར་ཁྱད་པར་ཆེ་བ་དང་། ལྷག་པར་དུ་ཨ་རིའི་གོ་མཚོན་ལྟ་བུ་ཞིག་ཡུ་རོབ་རྒྱལ་ཁབ་ཁག་ལ་མེད་པས། ཡུ་རོབ་ཀྱིས་ཡུག་རེན་ལ་ཨ་རིའི་རོགས་རམ་མེད་པའི་སྟོང་ཆ་སྐོང་རྒྱུ་ཁག་པོ་ཆགས་ཡོད་པ་བརྗོད་འདུག གནས་ཚུལ་དབྱེ་ཞིབ་པ་ཚོས་ཨ་རིའི་དམག་དོན་རོགས་སྐྱོར་མེད་ན་ཡང་། ཡུག་རེན་ལ་ཟླ་བ་དྲུག་ཙམ་གྱི་རིང་གོ་མཚོན་མ་འདང་བའི་དཀའ་ངལ་འཕྲད་མི་སྲིད་ན་ཡང་། ཟླ་བ་དྲུག་གི་རྗེས་ཨ་རིའི་རོགས་རམ་མེད་པར་ཨུ་རུ་སུའི་ཚུར་རྒོལ་འགོག་ཐབས་མེད་པ་བརྗོད་འདུག ཡུག་རེན་གྱིས་ཡུ་རོབ་གཅིག་པུ་ལ་སྐྱབས་བཅོལ་ནས་ཨུ་རུ་སུ་ལ་འཐབ་འཛིང་བྱས་ན་ས་ཆ་མང་ཙམ་ཤོར་ཉེན་ཡོད་པ་དང་། དེ་མིན་ཨ་རི་དང་བསྟུན་མཁས་བྱས་ནས་ཞི་མོལ་གནང་རྒྱུ་གལ་ཆེན་ཡིན་པ་བརྗོད་འདུག
གཞན་ཡང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༤ ཉིན། སྲིད་འཛིན་ཊོམ་གྱིས་གྲོས་ཚོགས་སུ་གསུང་བཤད་གནང་སྐབས། ཁོང་གིས་ཡུག་རེན་གྱི་སྲིད་འཛིན་གྱིས་བསྐུར་བའི་འཕྲིན་ཡིག་གལ་ཆེན་ཞིག་འབྱོར་བྱུང་ཞེས་དང་། འཕྲིན་ཡིག་ནང་ཡུག་རེན་གྱིས་གང་མགྱོགས་ཞི་མོལ་བྱེད་རྒྱུ་ལ་འདོད་པ་ཡོད་ཅེས་བཀོད་ཡོད་པ་དང་། སྲིད་འཛིན་ཛི་ལན་སི་ཀིས་ཁོང་ལ་གཏེར་རྫས་དང་འབྲེལ་བའི་གན་རྒྱ་ལ་མཚན་རྟགས་འགོད་རྒྱུ་གྲ་སྒྲིག་ཡོད་ཅེས་བརྗོད་བྱུང་ཞེས་གསུང་བཤད་གནང་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།