ཡུག་རེན་སྲིད་འཛིན་གྱིས་ཨུ་རུ་སུའི་སྲིད་འཛིན་དང་གདོང་ཐུག་ནས་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ཡིན་པར་བརྗོད་འདུག

ཉེ་ཆར་ཨ་རིའི་སྲིད་འཛིན་གྱིས་ཡུག་རེན་གྱི་སྲིད་འཛིན་ངོས་ནས་ཨུ་རུ་སུའི་སྲིད་འཛིན་དང་ལྷན་དུ་གདོང་དང་གདོང་ཐུག་ནས་གྲོས་མོལ་བྱེད་རྒྱུར་མོས་མཐུན་བྱེད་དགོས་པར་བརྗོད་པའི་སྐོར་སྤྱི་ཚོགས་དྲྭ་ལམ་ཐོག་གནས་ཚུལ་ཐོན་རྗེས། ཡུག་རེན་སྲིད་འཛིན་གྱིས་ཨུ་སུ་རུའི་སྲིད་འཛིན་དང་ལྷན་དུ་གདོང་དང་གདོང་ཐུག་ནས་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ཡིན་པར་བརྗོད་འདུག
ཕྱི་ཚེས་༡༢ ཉིན་སྦི་སྦི་སུ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཉེ་ཆར་སྤྱི་ཚོགས་དྲྭ་ལམ་ཐོག་ཡུག་རེན་གྱི་སྲིད་འཛིན་ངོས་ནས་ཨུ་རུ་སུའི་སྲིད་འཛིན་དང་ལྷན་དུ་གདོང་དང་གདོང་ཐུག་ནས་གྲོས་མོལ་བྱེད་དགོས་པ་བརྗོད་ཡོད་འདུག་པར་བརྟེན། ཡུག་རེན་གྱི་སྲིད་འཛིན་(Zelensky)ཛེ་ལེན་སི་ཁི་ཡིས་འབྱུང་འགྱུར་གཟའ་ཕུར་བུའི་ཉིན་ཏུར་ཀི་རྒྱལ་ཁབ་ཀྱི་གྲོང་ཁྱེར་(Istanbul )ནང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་དང་ལྷན་དུ་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ཡིན་པར་བརྗོད་འདུག་ལ། དམག་འཁྲུག་དེ་གང་མགྱོགས་མཚམས་འཇོག་བྱེད་འདོད་པ་ལས་དུས་ཡུན་རིང་དུ་གཏོང་འདོད་ནམ་ཡང་མེད་ཅེས་བརྗོད་འདུག དེ་སྔོན་ཁོང་གིས་ཡུག་རེན་ངོས་ནས་ཨུ་རུ་སུ་དང་ལྷན་དུ་གྲོས་མོལ་བྱེད་འདོད་ཡོད། འོན་ཀྱང་། དང་པོ་མེ་འཕེན་མཚམས་འཇོག་བྱས་ནས་གྲོས་མོལ་བྱེད་འདོད་པ་ལས་མེ་འཕེན་མཚམས་འཇོག་མེད་པའི་ཐོག་ནས་གྲོས་མོལ་བྱེད་འདོད་མེད་ཅེས་བརྗོད་མྱོང་ཡོད་འདུག་ཀྱང་། ད་ཆར་འགྱུར་བ་ཕྱིན་ཡོད་འདུག ཡོ་རོབ་རྒྱལ་ཁབ་ཚོའི་འགོ་ཁྲིད་རྣམས་ཡུག་རེན་གྱི་རྒྱལ་སར་གཟའ་སྤེན་པའི་ཉིན་འཛོམས་ནས་འབྱུང་འགྱུར་ཉིན་གྲངས་༣༠ རིང་དམག་འཁྲུག་མཚམས་འཇོག་བྱེད་དགོས་པ་ཨུ་རུ་སུ་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་འདུག གཟའ་ཉི་མའི་ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་གདོང་དང་གདོང་ཐུག་སྟེ་གྲོས་མོལ་བྱས་ནས་ཕྱོགས་གཉིས་བར་གྲོས་མཐུན་ཞིག་འཇོག་ཐུབ་སྲིད་པ་ལས་ཉིན་གྲངས་༣༠ རིང་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་སྐོར་གང་ཡང་བརྗོད་ཡོད་མི་འདུག དེ་བཞིན་གྲོས་མོལ་དེའི་བརྒྱུད་ནས་མ་འོངས་པར་གཏན་དུ་གནས་ཐུབ་པའི་ཞི་བདེ་ཞིག་ཡོང་ཐབས་ལ་གོམ་པ་དང་པོ་དེ་ཆགས་སྲིད་པ་ལས། དམག་འཁྲུག་དེ་མུ་མཐུད་གནས་མི་དགོས་པ་འགྱུར་མི་སྲིད་ཅེས་བརྗོད་འདུག ད་དུང་ཨུ་རུ་སུའི་ངོས་ནས་དམག་འཁྲུག་གནས་སྐབས་སུ་མཚམས་འཇོག་བྱེད་དགོས་ན་དང་པོ་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུག་རེན་ལ་སྤྲོད་བཞིན་པའི་གོ་མཚོན་རྣམས་ཕྱེད་ཀ་ཉུང་དུ་གཏོང་དགོས་པར་བརྗོད་འདུག ཉེ་ཆར་གཟའ་སྤེན་པའི་ཉིན་ཡུག་རེན་གྱི་སྲིད་འཛིན་གཙོ་སྐྱོང་འོག་ཡུག་རེན་གྱི་རྒྱལ་སར་ཡོ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་དབྱིན་ཇི་དང་། ཧྥ་རི་སི་། ཇར་མན་སོགས་ཀི་རྒྱལ་ཁབ་ཚོས་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ལ་གྲོས་མོལ་བྱས་ཡོད་འདུག སྐབས་དེ་དུས་ཡུག་རེན་གྱི་སྲིད་འཛིན་ནས་གལ་སྲིད་ཨུ་རུ་སུའི་ངོས་ནས་དམག་འཁྲུག་མཚམས་འཇོག་མ་བྱས་ཚེ་དཔལ་འབྱོར་ཉེས་ཆད་སྔར་ལས་ལྷག་པ་ཞིག་འགེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།