ཡུག་རེན་སྲིད་འཛིན་ནས་རྒྱ་གར་གྱིས་ཡུག་རེན་ནང་གི་དམག་འཁྲུག་མཇུག་སྒྲིལ་རྒྱུར་བར་འདུམ་བྱེད་ཐུབ་ཅེས་བརྗོད།
ཟླ་འདིའི་ཚེས་༢༨ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་གྱི་སྲིད་འཛིན་གྱིས་རྒྱ་གར་ནང་ཡུག་རེན་གྱི་ཆ་རྐྱེན་གཞིར་བཟུང་གི་ཞི་བདེའི་ལྷན་ཚོགས་ཤིག་བསྐོང་ཚོགས་བྱ་རྒྱུར་རེ་བ་ཆེན་པོ་བཏོན་གནང་ཡོད་པ་དང། ཡུག་རེན་གྱི་སྲིད་འཛིན་ནས་རྒྱ་གར་གྱིས་ཡུག་རེན་ནང་གི་དམག་འཁྲུག་མཇུག་སྒྲིལ་རྒྱུར་བར་འདུམ་བྱེད་ཐུབ་ཅེས་བརྗོད་ཡོད་འདུག
བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཡུག་རེན་གྱི་སྲིད་འཛིན་གྱིས་རྒྱ་གར་གྱི་དུས་བབ་གསར་ཁང་གི་གསར་འགོད་པ་ལ། རྒྱ་གར་གྱི་སྲིད་བློན་མོ་དྷི་ནི་དཔལ་འབྱོར་དང་མི་འབོར། ཤུགས་རྐྱེན་སོགས་ཀྱི་ཆ་ནས་དངོས་གནས་རྒྱལ་ཁབ་ཆེན་པོ་ཞིག་གི་སྲིད་བློན་ཡིན་པ་དང་། རྒྱ་གར་གྱིས་ཡུག་རེན་ནང་གི་དམག་འཁྲུག་མཇུག་སྒྲིལ་རྒྱུར་བར་འདུམ་བྱེད་ཐུབ་ཅེས་དང་། དེ་བཞིན་ཁོང་གིས་རྒྱ་གར་གྱིས་ཨུ་རུ་སུའི་དཔལ་འབྱོར་དང་རིན་གོང་ཆུང་བའི་ནུས་ཤུགས་ཐོན་ཁུངས་བཀག་སྡོམ་དང་། ཨུ་རུ་སུའི་དམག་དོན་བཟོ་ལས་ཁག་བཀག་སྡོམ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ཨུ་རུ་སུ་ལ་གནོན་ཤུགས་སྤྲོད་ཐུབ་ཅེས་བརྗོད་འདུག
ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་པའི་སྐབས། རྒྱ་གར་གྱིས་ཨུ་རུ་སུ་ལ་སྐྱོན་བརྗོད་བྱས་མེད་པ་མ་ཟད་ཕྱོགས་གཞན་ཞིག་ནས་རྒྱ་གར་གྱི་རང་བཙན་དང་ས་ཁོངས་གཅིག་གྱུར་ལ་བརྩི་བཀུར་དགོས་པའི་གཏམ་བཤད་ཀྱང་སྤེལ་ཡོད་འདུག་ལ། དམག་འཁྲུག་དེ་དང་འབྲེལ་རྒྱ་གར་གྱིས་ཕྱོགས་སུ་མ་ལྷུང་བའི་ཕྱི་འབྲེལ་སྲིད་བྱུས་ཤིག་འཛིན་བཞིན་ཡོད་འདུག
ལོ་འདིའི་ཕྱི་ཟླ་༨ པའི་ནང་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡུག་རེན་གྱི་རྒྱལ་ས་ལ་གཟིགས་སྐོར་གནང་སྐབས། ཡུག་རེན་དང་གྲོགས་པོ་བྱེད་རྒྱུ་དང་ཞི་བདེའི་གྲོས་མཐུན་ཡོང་རྒྱུར་རོགས་རམ་བྱེད་རྒྱུའི་ཁས་ལེན་བྱས་ཡོད་འདུག
གཞན་ཡང་རྒྱ་གར་གྱི་(Firstpost) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་གྱི་སྲིད་འཛིན་གྱིས་རྒྱ་གར་ནང་ཡུག་རེན་གྱི་ཆ་རྐྱེན་གཞིར་བཟུང་གི་ཞི་བདེའི་ལྷན་ཚོགས་ཤིག་བསྐོང་ཚོགས་བྱ་རྒྱུར་རེ་བ་ཆེན་པོ་བཏོན་གནང་ཡོད་པ་དང། དགུན་ཁ་བསླེབ་ལ་ཉེ་བ་དང་ལྷག་པར་དུ་ཨ་རིའི་སྲིད་འཛིན་ཟུར་པ་ཊམ་ཕུ་སླར་ཡང་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ། ཨ་རིའི་རོགས་སྐྱོར་ཉུང་དུ་འགྲོ་ཉེན་སོགས་ཀྱི་གདོང་ལེན་བྱེད་དགོས་ས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཡུག་རེན་གྱི་ངོས་ནས་ཨུ་རུ་སུ་ལ་ཁྲིད་པའི་བྱིས་པ་རྣམས་ཕྱིར་ལོག་ཡོང་བར་རྒྱ་གར་གྱིས་རོགས་རམ་གནང་བའི་རེ་འདུན་བཏོན་ཡོད་པ་སོགས་བརྗོད་འདུག
གཞན་ཡང་(INDEPENDENT) ་ཞེས་པའི་གསར་ཁང་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དམག་འཁྲུག་འགོ་བཙུགས་པ་ནས་བཟུང་ནང་མི་ཡི་མོས་མཐུན་མེད་པའི་བྱིས་པ་༢༠༠༠༠ ཙམ་ཨུ་རུ་སུའམ། ཨུ་རུ་སུས་བཙན་བཟུང་བྱས་པའི་ས་ཁུལ་དུ་ཁྲིད་ཡོད་འདུག ཡུག་རེན་གྱིས་བྱིས་པ་བཙན་ཁྲིད་བྱས་པའི་གནས་ཚུལ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་ཡིག་ནང་གསལ་བའི་མི་རིགས་རྩ་མེད་གཏོང་བའི་ངོས་འཛིན་ཚད་གཞི་དང་མཐུན་པའི་དམག་འཁྲུག་གི་ནག་ཉེས་ཤིག་ཡིན་པར་ཉེས་འཛུགས་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།