ཡེ་ཤུ་བླ་དཔོན་གྱིས་མཐུན་སྒྲིལ་དང་ཞི་བདེའི་གལ་གནད་ཐོག་བཀའ་སློབ་གནང་འདུག

ཡེ་ཤུ་སྟོན་པའི་འཁྲུངས་སྐར་ཉིན་ཡེ་ཤུ་ཁེ་ཐཱོ་ལེག་གི་བླ་དཔོན་ཧྥེ་རན་སི་སིས། འཛམ་གླིང་གི་མི་རིགས་འདྲ་མིན་དབར་འགྲོ་བ་མིའི་རིགས་གཅིག་འགྱུར་གྱི་འདུ་ཤེས་དང་མཐུན་སྒྲིལ། དེ་བཞིན་དམག་འཁྲུག་འོག་ཡོད་པའི་རྒྱལ་ཁབ་ཁག་ནང་བརྟན་ལྷིང་དང་ཞི་བདེ་ཡོང་བར་བྱེད་དགོས་པའི་བཀའ་སློབ་གནང་འདུག

དེ་ཡང་འཛམ་གླིང་ཡེ་ཤུ་ཁེ་ཐོ་ལེག་རྗེས་འབྲངས་པ་ཐེར་འབུམ་༡.༣ ལྷག་གི་དབུ་ཁྲིད། བླ་དཔོན་ཧྥེ་སན་སི་སི་ཡིས། ཡེ་ཤུ་སྟོན་པའི་འཁྲུངས་སྐར་ཉིན། ཁོང་གིས་རྒྱལ་ཁབ་ཚང་མའི་མི་རིགས་འདྲ་མིན་དབར་དང་། རིག་གཞུང་འདྲ་མིན་དབར། ཆོས་ལུགས་འདྲ་མིན་བར་འགྲོ་བ་མིའི་རིགས་གཅིག་འགྱུར་གྱི་འདུ་ཤེས་བཅང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་འདུག

དེ་བཞིན་ཁོང་གིས་དམག་འཁྲུག་དང་མུ་གེའི་དཀའ་ངལ་ནང་ལྷུང་ཡོད་པའི་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཡེ་མན་དང་འབྲེལ་ནས། ཉེ་ཆར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རོགས་རམ་ལ་བརྟེན་ནས། ཡེ་མན་ནང་ཕྱོགས་ཁག་བར་དམག་འཁྲུག་འཕྲལ་སེལ་མཚམས་འཇོག་གི་གྲོས་མཐུན་བྱུང་བ་དེས། ཡེ་མན་ནང་དམག་འཁྲུག་དང་མུ་གེའི་དཀའ་སྡུག་མྱོང་བཞིན་པའི་ཕྲུ་གུ་དང་མི་མང་རྣམས་ངལ་སེལ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་འདུག ཕྱི་ལོ་༢༠༡༥ ལོ་ནང་ཡེ་མན་གྱི་དམག་འཁྲུག་ལ་བརྟེན་ནས། མི་མང་ཁྲི་གཅིག་ལྷག་བསད་ཡོད་པ་དང་། མི་མང་ས་ཡ་༡༤ ལྷག་མུ་གེའི་ཉེན་ཚབས་ནང་ལྷུང་ཡོད་པ་རེད།

སི་རི་ཡའི་དམག་འཁྲུག་ཐོག་ལ་ཁོང་གིས་སྲིད་དོན་གྱི་ཐབས་ཤེས་ཐོག་ནས་དམག་འཁྲུག་མཚམས་འཇོག་ཡོང་དང་། སི་རི་ཡའི་མི་མང་དང་ལྷག་པར་དུ་དམག་འཁྲུག་རྐྱེན་པས་རྒྱལ་ཁབ་གཞན་ལ་བྲོས་བྱོལ་འགྲོ་མཁན་རྣམས། རང་ཡུལ་དུ་ལོག་ནས་ཞི་བདེའི་ངང་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་སྐོར་གསུང་ས་འདུག དེ་བཞིན་ཨི་ཛེ་རིལ་དང་པཱེ་ལི་སི་ཐན་གྱི་རྩོད་རྙོག་དེ་སེལ་ཆེད། ཕྱོགས་གཉིས་བར་ཞི་བདེའི་གྲོས་མོལ་བསྐྱར་དུ་འགོ་འཛུགས་བྱེད་པའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་འདུག

ཁོང་བླ་དཔོན་དུ་འདེམས་ཐོན་བྱུང་བ་ནས་བཟུང་། འཛམ་གླིང་ནང་གི་དབུལ་ཕོངས་རྣམས་ཀྱི་དཀའ་སྡུག་སྐོར་ལ་གོ་རྟོགས་སྤེལ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་ལྟར། ཐེངས་འདིར་ཡང་ཁོང་གིས་འཛམ་གླིང་ནང་དབུལ་ཕྱུག་གཉིས་བར་གྱི་ཧེ་བག་ལ་སྐྱོན་བརྗོད་དང་། ཡར་ཐོན་རྒྱལ་ཁབ་ཁག་གི་མི་མང་ཚོས་དངོས་གཙོ་སྨྲ་བའི་མི་ཚེ་བསྐྱལ་མི་རུང་བར། ཆོག་ཤེས་ལྡན་པའི་མི་ཚེ་སྐྱེལ་དགོས་པ། མི་ཚེའི་དོན་སྙིང་ཐོག་ལ་བསམ་ཞིབ་བྱེད་དགོས་སྐོར་གསུངས་ནས། ཡེ་ཤུ་སྟོན་པ་ཕྱུགས་རའི་ནང་དབུལ་པོའི་ཐོག་འཁྲུངས་པ་དེས། རྒྱུ་ནོར་སོགས་ཉར་ཚགས་གསོག་སྒྲུབ་མི་བྱེད་པར། གཞན་ལ་སྦྱིན་པ་དང་བགོ་བགྲེམ་བྱེད་རྒྱུ་གལ་ཆེན་ཡིན་པའི་ལམ་སྟོན་བྱས་ཡོད་སྐོར་གསུངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།