ཡེ་ཤུའི་ཆོས་དཔོན་ཕོབ་ཀྱིས་ཡུ་གུར་བ་རྣམས་དྲག་གནོན་འོག་ཡོད་སྐོར་གསུངས་འདུག

ཡེ་ཤུའི་གནམ་བདག་ཆོས་དཔོན་ཕོབ་ཀྱིས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཡུ་གུར་བ་རྣམས་དྲག་གནོན་འོག་ཏུ་ཡོད་པའི་མི་རིགས་ཤིག་ཡིན་པའི་སྐོར་ཐེངས་དང་པོ་གསུངས་ཡོད་འདུག

དེ་རིང་སྟེ་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཡེ་ཤུའི་གནམ་བདག་ཆོས་དཔོན་ཕོབ་ཧྥ་རི་སེ་སི་(Pope Francis) ཡིས་བརྗོད་བྱ་སྣ་མང་འདུས་པའི་ཕྱག་དེབ་<<ང་ཚོར་ཕུགས་བསམ་འཆང་དུ་ཆུགས>>ཞེས་པ་ཞིག་པར་སྐྲུན་བྱེད་ལ་ཉེ་བ་དང་། ཕྱག་དེབ་གསར་པ་དེའི་ནང་ཁོང་གིས་བདག་གིས་དྲག་གནོན་འོག་ཏུ་ཡོད་པའི་མི་རིགས་དག་གི་ཐོག་ལ་ཡང་ཡང་བསམ་གཞིགས་བྱེད་ཀྱི་ཡོད་དེ། རོ་ཝན་གྷི་(Rohingya) དང་། ཉམ་ཐག་པའི་ཡུ་གུར་བའི་མི་རིགས། དེ་བཞིན་ཡ་ཟི་ཌི་(Yazidi) བཅས་རེད་ཅེས་བྲིས་ཡོད་འདུག

ཡེ་ཤུའི་གནམ་བདག་ཆོས་དཔོན་ཁོང་གིས་སྔོན་ཆད་འབར་མ་ནས་བྲོས་བྱོལ་དུ་ཡོང་བའི་རོ་ཝན་གྷི་ཡི་དཀའ་སྡུག་དང་། ཨེ་རག་ཁ་ཆེའི་རྒྱལ་ཁབ་ཀྱིས་ཡ་ཟི་ཌིའི་མི་རིགས་དམར་གསོད་བཏང་བའི་སྐོར་ལ་གསུང་མྱོང་ཡོད་ཀྱང་། རྒྱ་ནག་གི་བཙན་གནོན་འོག་ཏུ་བསམ་བརྗོད་ལས་འདས་པའི་དཀའ་སྡུག་མྱོང་བཞིན་པའི་ཡུ་གུར་མི་རིགས་ཀྱི་སྐོར་ལ་གསུངས་པ་འདི་ཆེས་ཐོག་མ་ཆགས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་དང་། མང་གཙོའི་སྲིད་གཞུང་། དེ་བཞིན་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཤིང་ཅང་དུ་ཡུ་གུར་བ་ས་ཡ་གཅིག་ལྷག་བཙོན་སྒར་དུ་བཅུག་སྟེ་འཆར་གཞི་དང་གོ་རིམས་ལྡན་པའི་སྒོ་ནས་མི་རིགས་རྩ་མེད་བཟོ་བཞིན་ཡོད་ཚུལ་བརྗོད་དང་རྗོད་མུས་སུ་ཡོད། ཡིན་ན་ཡང་། རྒྱ་ནག་གིས་བཙོན་སྒར་དེ་དག་ནི་དྲག་སྤྱོད་རིང་ལུགས་སྔོན་འགོག་ཆེད་དུ་གཉེར་བའི་ལག་རྩལ་སྦྱོང་བརྡར་ལྟེ་གནས་ཁང་ཡིན་སྐོར་བཤད་དེ་གཏན་ནས་ངོས་ལེན་མི་བྱེད་པ་མ་ཟད། ཤིང་ཅང་དུ་ལག་བསྟར་བྱེད་བཞིན་པའི་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་དེ་བོད་དང་སོག་པོར་ལག་བསྟར་བྱེད་འགོ་རྩོམ་བཞིན་ཡོད།

ཤོག་གྲངས་ ༡༥༠ ཅན་གྱི་ཕྱག་དེབ་དེའི་ནང་། ཡེ་ཤུའི་གནམ་བདག་ཆོས་དཔོན་ཁོང་གིས། རྒྱལ་སྤྱིའི་སྲིད་གཞུང་དག་གིས་འཛམ་གླིང་ཡོངས་ཁྱབ་ཀྱི་གཞི་རྩའི་ཡོང་འབབ་གཏན་དུ་འབེབས་པའི་འབད་བརྩོན་བྱེད་དགོས་པ་དང་། ཨ་རིའི་མི་ནག་ཇོར་ཇོཧྥི་ལོ་ཌི་(George Floyd) ཉེན་རྟོག་པས་བསད་པར་ངོ་རྒོལ་སྐད་འབོད་བྱེད་མཁན་ཚོར་བསྔགས་བརྗོད་སོགས་བརྗོད་བྱ་དང་གནད་དོན་འདྲ་མིན་གྱི་སྐོར་གསུངས་ཡོད་འདུག

གསར་འགོད་པ་དཀོན་མཆོག་རབ་བརྟན།