ཡེ་ཤུའི་བླ་ཆེན་སྐུ་གཤེཌ་པར་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ནས་མཆོད་འབུལ་སྨོན་ལམ་འཚོགས།

ཁ་སང་ཕྱི་ཚེས་༢༡ ཉིན་ཡེ་ཤུའི་བླ་ཆེན་པོབ་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་དུ་དགུང་གྲངས་ ༨༨ ཐོག་སྐུ་གཤེགས་པའི་གནས་ཚུལ་ཐོན་ཡོད་པ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དང་བལ་ཡུལ་གྱི་བླ་ཆེན་གང་གི་སྐུ་ཚབ་ Leopoldo Girelli ལགས་ཀྱི་མཚན་ཐོག་ཏུ། བླ་ཆེན་མཆོག་སྐུ་གཤེགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་བ་དང་། གསུང་འཕྲིན་གྱི་ནང་དུ། བླ་ཆེན་མཆོག་སྐུ་གཤེགས་པའི་གནས་ཚུལ་ཐོས་སྐབས་མགོན་པོ་གང་ཉིད་ལ་ཐུགས་ཕམ་ཆེན་པོ་བྱུང་ཞིང་། དམ་པ་དེ་ཉིད་ཀྱི་སླད་དུ་ཐུགས་སྨོན་གསོལ་འདེབས་གནང་རྒྱུ་དང་། དམ་པ་ཁོང་གི་རྗེས་འབྲང་ཕོ་མོ་ཡོངས་ལ་ཐུགས་གསོ་མཛད་འདུག་པ་མ་ཟད། བླ་ཆེན་ཁོང་གིས་སྐུ་ཚེ་ཧྲིལ་པོར་གཞན་དོན་རླབས་ཆེན་མཛད་པར་གུས་བསྟོད་དང་སྦྲགས། ཁོང་ལ་བཀའ་དྲིན་རྗེས་དྲན་ཡག་ཤོས་དེ་ང་ཚོ་སེམས་བཟང་ལྡན་པའི་མི་ཞིག་གནང་སྟེ་གཞན་ཕན་གང་ཐུབ་བྱ་རྒྱུ་དེ་ཡིན་པར་བཀའ་བསྩལ་ཞིང་། ཁོང་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཞིག་ཀྱང་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་འཚོག་རྒྱུ་ཡིན་པ་གསུང་འཕྲིན་ནང་འཁོད་པ་བཞིན། དེ་རིང་ཕྱི་ཚེས་༢༢ ཉིན་གྱི་ཞོགས་པར་དགའ་ལྡན་ཕོ་བྲང་གི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་འདུག་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་ཀྱང་བླ་ཆེན་དམ་པ་ཁོང་དང་ཁོང་གི་རྗེས་འཇུག་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་མཚོན་ཕྱིར། དེ་རིང་ཉིན་རྒྱབ་ཆུ་ཚོད་༣ པའི་ཐོག་སྲི་ཞུའི་ལས་བྱེད་ཡོངས་ནས་སྲིད་སྐྱོང་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་ཡོད་པ་དང་།

སྐབས་དེར་དཔལ་ལྡན་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མས་འཛམ་གླིང་ཡུལ་གྲུ་གང་སར་ནས་བླ་ཆེན་ཁོང་སྐུ་གཤེགས་པར་མཆོད་འབུལ་སྨོན་ལམ་འཚོགས་བཞིན་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ནས་ཀྱང་མཆོད་འབུལ་སྨོན་ལམ་འཚོགས་རྒྱུའི་འགན་ཆགས་ཡོད་པར་གསུངས། ཉིན་རྒྱབ་ཆུ་ཚོད་ ༤ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།