ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་།

ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་ཏུ་བོད་གཙོས་པའི་བཙན་འོག་ཏུ་ཡོད་པའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་སྐོར་རྒྱ་གཞུང་ནས་ཐེ་གཏོགས་བྱེེད་མི་རུང་བར་ནན་བརྗོད་གནང་ཡོད་འདུག དེ་ཡང ཟླ་༦ ཚེས་ ༡༦ ཉིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་མོལ་ཐེངས་ ༣༩ པ་དེ་རྒྱ་ནག་ཏུ་འཚོགས་ཡོད་འདུག་པ་དང་། སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱིས་གཞི་རྩའི་རང་དབང་དང་། ངལ་རྩོལ་གྱི་ཐོབ་ཐང་། བཙན་ཤེད་ཀྱིས་ངལ་རྩོལ་བཀོལ་སྤྱོད་བྱེད་པ། ཁྲིམས་ལུགས་ཀྱི་འགྲོ་ལུགས་དང་མཐུན་པའི་བྱ་རིམ་གྱི་ཐོབ་ཐང་ལ་ཚད་བཀག་བྱེད་པ། རྒྱ་ནག་ནང་ཁྲིམས་ཀྱི་རང་དབང་མེད་པ་བཅས་ཀྱི་ཐད་ལ་བློ་འཚབ་བསྟན་པ་མ་ཟད། གཞན་ཡང་སྨྲ་བརྗོད་དང་། ཚོགས་འདུའི་རང་དབང། ཆོས་དད་རང་དབང། བུད་མེད་ཀྱི་ཐོབ་ཐང་སོགས་ཀྱི་གནད་དོན་སྐོར་གླེང་སློང་གནང་ཞིང་།

མ་ཟད་སྒོ་ཤེས་རབ་རྒྱ་མཚོ་དང་བཀྲ་ཤིས་རྡོ་རྗེ་སོགས་བོད་ཀྱི་ལས་འགུལ་བ་དང་། རྩོམ་པ་པོ། ཆོས་ལུགས་ཀྱི་དབུ་ཁྲིད་བཅས་མི་སྒེར་པ་ཁ་ཤས་ཀྱི་གནད་དོན་གླེང་སློང་གནང་སྟེ་ཁོང་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
ཐེངས་འདིར་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དེ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གྱི་གྲོས་མོལ་མ་འཚོགས་སྔོན། ཉིང་ཁྲི་དང་ལྷ་སར་ཟུར་དུ་གཟིགས་སྐོར་དུ་ཕེབས་ཏེ། རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་མཛད་རིམ་ཐུང་ཐུང་ནང་དུ་གཏན་སློབ་དང་། གྲོང་སྡེ། རིག་གཞུང་དང་ཆོས་ལུགས་ཀྱི་གནས་ཡུལ། གནས་སྤོ་བྱས་པའི་བོད་མིའི་ཁྱིམ་ཚང་། བཙོན་ཁང་བཅས་ལ་གཟིགས་སྐོར་གནང་། གཟིགས་སྐོར་སྐབས་སྐུ་ཚབ་ཚོགས་ཆུང་ནས་བོད་རང་སྐྱོང་ལྗོངས་ཞེས་པའི་དངོས་ཡོད་གནས་སྟངས་དང་དཀའ་ངལ་སྐོར་རྒྱུས་ལོན་གང་འཚམ་ཞུ་ཐུབ་པ་བྱུང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བར་འཁོད་འདུག
གཞན་ཡང་གཟིགས་སྐོར་གྲུབ་རྗེས་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པས་སྐད་ཡིག་གཉིས་ལྡན་གྱི་ཤེས་ཡོན་ལམ་ལུགས་ལག་བསྟར་ཡོང་བ་དང་། བོད་མིའི་ཆོས་དང་རིག་གཞུང་། གཞི་རྩའི་རང་དབང་བཅས་སྲུང་སྐྱོབ་དགོས་པའི་ལམ་སྟོན་གནང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་གང་མང་བོད་དུ་གནས་སྟངས་གཟིགས་སྐོར་ལ་ཕེབས་གནང་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག

གྲོས་མོལ་འདིའི་གཙོ་སྐྱོང་བ་ཡུ་རོབ་ཕྱི་འབྲེལ་ལས་ཁུངས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འགན་འཛིན་གཞོན་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཚོགས་འདུའི་འགན་འཛིན་སྤྱི་ཁྱབ་གཉིས་ཡིན་འདུག ཚོགས་འདུའི་ཐོག་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གཞན་རྣམས་ཀྱང་ཟུར་ཉན་དུ་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།