ཡོངས་གླིང་སློབ་གྲྭ་རྩིས་ལེན་རྒྱུར་འཛིན་སྐྱོང་ནས་མཇུག་གནོན་ཞུ་རྒྱུ་གང་ཡང་ལྷག་མེད།
ཟླ་འདིའི་ཚེས་༢༨ ཉིན་བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་གྲོས་ཚོགས་ཚོགས་དུས་༡༡ པའི་ཉིན་བདུན་པའི་ཐོག ཤེས་རིག་ལས་ཁུངས་ཀྱིས་བོད་སློབ་འཛིན་ཚོགས་རྩིས་སྤྲོད་རྩིས་ལེན་དང་འབྲེལ་ནས། དྷ་སར་ཡོད་པའི་ཡོངས་གླིང་སློབ་གྲྭ་ཤེས་རིག་ལས་ཁུངས་ནས་རྩིས་ལེན་ཐུབ་ཀྱི་ཡོད་མེད་སྐོར་ལ་གླེང་སློང་བྱུང་ཡོད་པ་རེད།
དེ་ཡང་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས། “ང་རང་ཚོ་ནང་ཁུལ་ལ་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་རྩིས་ལེན་མ་ཐུབ་པའི་གནས་སྟངས་ཤིག་ལོ་མང་པོའི་རིང་བྱུང་བསྡད་ཡོད་པ་རེད། དྷ་སའི་ཡོངས་གླིང་སློབ་གྲྭ་དེ་ཤེས་རིག་ལས་ཁུངས་ཀྱི་རྩིས་ལེན་དགོས་པ་ཞིག་དང་། དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གསལ་པོ་བྱས་ཡོད་པ་རེད་དེ། ད་ལྟ་བར་དུ་རྩིས་ལེན་མ་ཐུབ་པ་ག་རེ་ཆགས་པ་རེད་ཅེས་རང་བཞིན་གྱིས་དྲི་བ་ཞིག་སླེབས་ཡོང་གི་འདུག”ཅེས་དང། མི་མང་ནང་གཞུང་གིས་མི་ཉམས་ཆུང་ལ་ཁྲིམས་དང་སྒྲིག་གཞི་ལག་ལེན་བསྟར་པ་ལས་མི་རྒྱབ་རྩ་ཡོད་མཁན་ལ་གང་ཡང་བྱེད་ཐུབ་ཀྱི་མེད་པའི་བསམ་ཚུལ་ཡོད་པས། ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་དེ་རྩིས་ལེན་ཐུབ་ཀྱི་ཡོད་རེད་དམ་མ་རེད་ཅེས་དྲི་བ་དྲིས་པར།
ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས། “ཉེ་ཆར་ངས་ཡིག་ཆ་ཁ་ཤས་བལྟ་རྒྱུ་བྱུང་བས། ཤེས་རིག་ལས་ཁུངས་ནས་དེའི་སྐོར་ལ་གནང་སྒོ་ཆ་ཚང་འདྲ་བོ་ཞིག་དེ་སྔ་ཕན་ཆོད་ནས་གནང་བསྡད་པ་འདྲ་བོ་ཞིག་བྱས་འདུག ཤེས་རིག་ལས་ཁུངས་ནས་དེ་ལས་ལྷག་པ་བྱེད་རྒྱུ་ལྷག་མེད་ཅེས་ཞིབ་ཕྲའི་གནས་ཚུལ་འཁོད་པའི་ཕྱག་བྲིས་ཤིག་ཕྱི་ལོ་༢༠༡༡ ལོར་བཀའ་ཤག་ལ་སྙན་སེང་ཞུས་འདུག་”ཅེས་ལན་འདེབས་གནང་སོང།
དེ་རྗེས་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་གིས་ “ཤེས་རིག་བཀའ་བློན་གྱིས་གཟིགས་པའི་ཡིག་ཆའི་ནང་ཤེས་རིག་ལས་ཁུངས་ཀྱིས་ཕྱག་ལས་གང་དང་གང་གནང་འདུག།ཡོངས་གླིང་སློབ་གྲྭ་དེ་སྤྱི་རྒྱུ་སྒེར་བདག་གནང་མཁན་གང་ཟག་སྤྱི་འཐུས་དེས་ཤེས་རིག་ལ་རྩིས་སྤྲོད་ཀྱི་ཡོད་མ་རེད་དམ། ཡང་ན་ཤེས་རིག་གིས་རྩིས་ལེན་མ་ཐུབ་པ་རེད། དེ་ལ་ལན་འདེབས་གསལ་པོ་དགོས་ཀྱི་འདུག དེ་བཞིན་ཕྱི་ལོ་༢༠༡༡ ལོར་བཀའ་ཤག་ལ་ཡི་གེ་བཏང་བཞག་པ་དེའི་ནང་ག་རེ་འཁོད་ཡོད་རེད། བཀའ་ཤག་གིས་མར་ལན་ག་རེ་གནང་ཡོད་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་བ་དེ་ལག་ལེན་བསྟར་མ་ཐུབ་པ་དེ་བཀའ་ཤག་གིས་ཤེས་རིག་བཀའ་བློན་ལ་བཀའ་ལན་ག་རེ་གནང་ཡོད་རེད། ལན་གསལ་པོ་ཞིག་གནང་དགོས་ཀྱི་འདུག”ཅེས་དང། “ད་བར་དེའི་སྐོར་རྒྱུན་རིང་པོར་གྲོས་ཚོགས་ནང་གླེང་ཙམ་བྱེད་པ་ལས་དེ་ལ་སུ་གང་གིས་ཐག་གཅོད་གསལ་པོ་དེ་རེད་ཅེས་ལབ་ཐུབ་ཀྱི་མེད་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེ་ལག་ལེན་བསྟར་དགོས་ཀྱི་ཡོད་མེད། ད་བར་སྤྱི་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ལ་བརྩི་དགོས་མཁན་གྱིས་བརྩིས་པ་དང། བརྩི་མི་དགོས་མཁན་གྱིས་མི་བརྩི་བའི་ཐོག་ནས་འགྲོ་ཡི་ཡོད་པས། ཤེས་རིག་བཀའ་བློན་གྱིས་ལན་འདེབས་གསལ་པོ་གནང་ནས་སྐད་ཆ་དེ་མ་འོངས་པར་གྲོས་ཚོགས་ནང་སླེབས་མི་དགོས་པ་བཟོས་ན་ཡག་པོ་འདུག་”ཅེས་དྲིས་པར།
བཀའ་ཤག་ནས་༢༠༡༡ ལོའི་ཟླ་༣ ཚེས་༣ འཁོད་པའི་ཡི་གེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་གི་མཚན་ཐོག་ཏུ་བཏང་ཡོད་པ་དེ། ཤེས་རིག་བཀའ་བློན་གྱིས་སྒྲོགས་སྦྱོང་གནང་དོན། “༢༠༡༠ ལོའི་ཟླ་༡༡ ཚེས་༢༥ འཁོད་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༨ བཅད་ཁྲའི་འབྲི་དོན་བཞིན། གྱོད་ཡ་རྩོད་ལན་པས་༢༠༠༨ ལོའི་ཟླ་༦ ཚེས་༣༠ ནང་ཚུད་ཉམས་ལེན་དགོས་ཞུས་ཟིན་པ་དགོས་རྒྱུར། དེ་ནི་སྤྱི་དམངས་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་༥༡ པའི་ཁ་པའི་ཆ་རྐྱེན་འོག་མཇུག་གནོན་ཕྱག་བསྟར་དང་འབྲེལ་འདི་གར་ལན་གསལ་དགོས་རྒྱུ་ཞེས་དང་། དེ་བཞིན་༢༠༠༨ ལོའི་ཟླ་༥ ཚེས་༡༥ དང་། ༢༠༠༩ ལོའི་ཟླ་༣ ཚེས་༡༣ འཁོད། སྐུལ་འདེད་ཡིག་ཆུང་ལུང་འདྲེན་གྱི་གནས་སྟངས་ཅི་ཆགས་ལན་གསལ་དགོས་རྒྱུ་ཕེབས་དོན་བཞིན། དཔལ་ལྡན་བཀའ་ཤག་ནས་༢༠༡༠ ལོའི་ཟླ་༡༢ ཚེས་༤ ཉིན་འབྲེལ་ཡོད་ཤེས་རིག་ལས་ཁུངས་ལ་ཁ་མཆུ་ཞུ་སྦྱོར་བ་དེབ་འགོད་ཨང་༨ པའི་བཅད་ཁྲའི་འབྲི་དོན་ཐོག་མཇུག་སྐྱོང་ལག་བསྟར་དགོས་པ་དང་། ཅི་ཞུས་ཀྱི་སྙན་སེང་དགོས་པའི་བཀོད་ཁྱབ་སོང་བར། ཤེས་རིག་ལས་ཁུངས་ནས་༢༠༡༡ ལོའི་ཟླ་༢ ཚེས་༡༥ འཁོད། དོན་ཚན་ལྔ་ཅན་གྱིས་སྔ་རྗེས་མཇུག་གནོན་ཞུས་སྐོར་དང་། གསལ་བཤད་བཅས་གནང་བའི་ངོ་བཤུས་དང་། དེ་བཞིན་གྱོད་ཡ་རྩོད་ལན་པས་ ༢༠༠༨ ལོའི་ཟླ་༦ ཚེས་༡༧ འཁོད་ཤེས་རིག་ལས་ཁུངས་སུ་ཕུལ་གནས་བཅས་ཀྱི་ངོ་བཤུས་དེ་མཉམ་གཟིགས་འབུལ་ལགས་ན། གྱོད་ཡ་རྩོད་ལན་པས་བཀོད་ཁྱབ་ལྟར་རྩིས་སྤྲོད་བྱེད་རྒྱུ་མིན་ཞེས་ཚིག་ཐག་བཅད་དེ་བསྐྱར་བརྗོད་ཡང་བརྗོད་བྱས་པར་བརྟེན། འཛིན་སྐྱོང་ནས་མཇུག་གནོན་ཞུ་རྒྱུ་གང་ཡང་ལྷག་མེད་པའི་གནས་བབས་སུ་གྱུར་བས། དེ་བཞིན་ངོས་འཛིན་ཡོང་བར་ཞེས་ཞུ་སྒོ་ཕེབས་འདུག་པ་དགོངས་འཇགས་ཞུ་”ཞེས་འཁོད་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་༨ པ་མང་ཚོགས་ཀྱི་ཁེ་ཕན་སྐོར་གྱི་ཁ་མཆུ་དེའི་གྱོད་ཡ་ཞུ་སྦྱོར་བ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་དང༌། གྱོད་ཡ་རྩོད་ལན་པ་སྤྱི་འཐུས་ཟླ་བ་ཚེ་རིང་ཡིན་པ་རེད།
ཁ་མཆུ་དེ་ཕྱི་ལོ་༢༠༠༡ ཟླ་༡༢ ཚེས་༡ ཉིན་འགོ་འཛུགས་བྱས་པ་དང༌། གནད་དོན་གཙོ་བོ་ནི་ཞུ་སྦྱོར་བས་དྷ་ས་མེག་གྷན་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་དེ་མི་མང་ཐུན་མོང་གི་ཡིན་པ་ལས་ཟླ་བ་ཚེ་རིང་སྒེར་ལ་བདག་པ་ཞིག་མིན་སྟབས་སྤྱི་རྒྱུ་སྒེར་བདག་བྱས་སོང་ཞེས་ཞུ་གཏུག་བྱས་པ་དང༌། གྱོད་ཡ་རྩོད་ལན་པ་ཟླ་བ་ཚེ་རིང་གིས་ཡོངས་གླིང་སློབ་གྲྭ་དེ་སྤྱི་ཚོགས་ཀྱི་དོན་དུ་ལས་གཞི་བཙུགས་པ་ལྟར་ཕྱི་ནང་ཡོངས་ནས་བསྔགས་བརྗོད་འོས་པའི་ཞབས་འདེགས་ཞུ་བཞིན་ཡོད་པ་ལས། དང་པོའི་དམིགས་ཡུལ་ལས་ལྡོག་སྟེ་སྒེར་ཕན་བསྒྲུབས་ཏེ་ལས་འབྲས་མི་འཕེར་བའི་ལས་ཀ་བྱས་བཞག་པ་གང་ཡང་མེད་པའི་གདེང་ཚོད་དང༌། སྤོབས་པ་ཡོད་པ་ལས། ཞུ་སྦྱོར་བས་ཧམ་བཤད་ཀྱིས་སྤྱི་རྒྱུ་སྒེར་དབང་བྱས་པ་རེད་ཅེས་པའི་གནོང་དང༌། འགྱོད་པ་རྩ་བ་ཉིད་ནས་མེད་ཅེས་སྒེར་ལ་བདག་ཚུལ་གྱི་རྩོད་ལན་ཕུལ་ཡོད་པ་རེད།
གོང་གསལ་གྱི་གྱོད་གཞི་དེར་ཁྲིམས་ཞིབ་ཁང་ནས་གྱོད་ཡ་ཕན་ཚུན་གྱིས་ཕུལ་བའི་དཔང་རྟགས་དང༌། དཔང་པོ། རྩོད་བཤེར་སྐབས་ཀྱི་ཚིག་དོན་གཞིར་བཟུང་གིས་༢༠༡༡ ལོའི་ཕྱི་ཟླ་༩ ཚེས་༢༤ ཉིན་ཐག་གཅོད་བྱས་ཡོད་པ་རེད། བཅད་ཁྲའི་ནང་འཁོད་འབྲུ་དོན་ཉམས་ལེན་ཞུ་དགོས་པ་རྣམས་བཅད་ཁྲ་གཏོང་ཚེས་ནས་བཟུང་ཉིན་གྲངས་༣༠ ནང་ཚུད་ལག་བསྟར་འགོ་འཛུགས་ཟིན་པ་དགོས་རྒྱུ་བཀོད་ཁྱབ་བཏང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ་དང་ཆོས་ཉིད་འོད་ཟེར།