རང་ཉིད་ཀྱི་ཕྲུ་གུ་བཙོང་མཁན་གྱི་ཕ་མ་འཇུ་བཟུང་།

རྒྱ་ནག་གི་ཉེན་རྟོག་པས་རང་ཉིད་ཀྱི་ཕྲུ་གུ་ཚོང་མཁན་ཕ་མའི་ཤོག་ཁག་ཅིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག

1266དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཨེ་པོཆི་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཟླ་༡ པོའི་ནང་རྒྱ་ནག་ཧྲན་ཏུང་ཞིང་ཆེན་དུ་བདག་མེད་དུ་བསྐྱུར་བའི་ཁང་པ་ཞིག་ནས། བྱིས་པ་༡༥ དང་ཕྲུ་གུའི་ཨ་མ་༨། ཕྲུ་གུ་མངལ་དུ་ཡོད་མཁན་ཨ་མ་གཅིག།ཕྲུ་གུ་ནག་ཚོང་རྒྱག་མཁན་སྐྱེས་པ་གསུམ་བཅས་འཛིན་བཟུང་བྱས་ཡོད་སྐོར་མི་མང་ལ་ཁྱབ་བསྒྲགས་བྱས་ཡོད་འདུག

ཉེན་རྟོག་པས་ཕྲུ་གུའི་ཨ་མ་མང་པོ་ཞིག་སི་ཁྲོན་ཞིང་ཆེན་ནས་ཧྲན་ཏུང་གི་ཁང་པ་དེར་ཕྲུ་གུ་སྐྱེ་བར་ཡོང་བ་དང། ཕྲུ་གུ་སྐྱེས་མ་ཐག་ནག་ཚོང་པ་ཚོར་བཙོང་གི་ཡོད་པ་རྒྱུས་ལོན་བྱས་ཡོད་འདུག

དེ་ཡང་ནག་ཚོང་པས་ཕྲུ་གུ་བུ་ལ་རྒྱ་སྒོར་ཁྲི་བཞི་དང་བུ་མོ་ལ་ཁྲི་༣ གྱི་རིན་གོང་སྤྲད་ཀྱི་ཡོད་པ་དང་། མཚམས་རེར་ཕྲུ་གུ་བུ་རེ་ལ་ཁྲི་༦ བར་རག་གི་ཡོད་ཚུལ་ཉེན་རྟོག་པར་ལན་འདེབས་བྱས་ཡོད་འདུག

རྒྱ་གཞུང་གིས་ཕྲུ་གུ་གཅིག་གི་སྲིད་ཇུས་དེ་ལོ་སྔོན་མར་གུ་ཡང་དུ་བཏང་ཡོད་ཀྱང། ཕ་མ་རྒན་པ་མང་པོ་ཞིག་གིས་རང་ཉིད་ཀྱི་རིགས་རྒྱུད་འཛིན་མཁན་བུ་སྐྱེ་ཐུབ་མེད་པར་སྐྱོ་སྣང་བྱེད་ཀྱི་ཡོད་པ་དང། སྲིད་ཇུས་གུ་ཡང་དང་བསྟུན་ཕྲུ་གུ་དགོས་མཁན་མང་པོ་ཡོད་ཁར། ཕ་མ་དབུལ་ཕོངས་མང་པོས་ཕྲུ་གུ་བཙོང་གི་ཡོད་སྐོར་གནས་ཚུལ་དེའི་ནང་བཀོད་འདུག

དེ་བཞིན་ལོ་སྔོན་མའི་ཟླ་༡ པོའི་ནང་ཧྲན་ཏུང་གི་བཟོ་གྲྭ་རྙིང་པ་ཞིག་གི་འོག་ཁང་ལས། ཕྲུ་གུ་༣༧ སྐྱོབ་ཐུབ་པ་བྱུང་ཡོད་པ་དང། ཕྲུ་གུ་དེ་དག་ལས་མང་ཆེ་བར་གཉན་ནད་རེག་དུག་དང་སེ་མོག་སོགས་ཀྱི་ན་ཚ་ཡོད་པས། ན་ཚ་དེ་དག་ཨ་མ་ལས་འགོས་ཡོད་སྐོར་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་འདུག

དེ་སྔོན་བོད་ནང་ལ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཡིན་ཚུལ་བྱས་ནས། ཕྲུ་གུ་རྐུན་མ་རྒྱག་མཁན་མང་པོ་འཇུ་བཟུང་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།།
གསར་འགོད་སྐལ་བཟང་དོན་གྲུབ།