རང་ཉིད་ངོ་སྤྲོད་ཀྱི་ཟབ་སྦྱོང་།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༨༤ ཕྱི་ལོ་ ༢༠༡༨/༡ /༣༡
བཙན་བྱོལ་བོད་མི་མང་པོ་ཞིག་རང་ཉིད་ཀྱིས་རང་ཉིད་གཏན་ནས་ངོ་མི་ཤེས་པའི་གནས་སྟངས་ཤིག་ཏུ་སླེབས་ཡོད་ཅེས་བརྗོད་ཆོག་པ་དང་། དེ་ཡང་བཙན་བྱོལ་བོད་མི་མང་པོ་ཞིག་གིས་རང་ཉིད་སྐྱབས་བཅོལ་བ་ཡིན་པའི་གནས་བབས་དེ་ཡོངས་སུ་བརྗེད་ནས་རང་ཉིད་ཀྱིས་རང་ཉིད་ངོ་མི་ཤེས་པ་ཆགས་ཟིན་པ་རེད། དེ་བཞིན་གཞུང་གི་ལས་ཁུངས་ཁག་ཏུ་ལས་ཀ་བྱེད་མཁན་གྱི་ལས་བྱེད་རྣམ་པ་དང་དྲུང་ཆེའི་བར་རང་ཉིད་རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་ལས་བྱེད་པ་ཡིན་པ་ལྟ་བུའི་ཚོར་སྣང་སྦོམ་པོ་ཞིག་ཡོད་པ་དང་། ལྷག་པར་སྲིད་སྐྱོང་དང་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ནས་སྤྱི་འཐུས་ཡོངས་རྫོགས་ཀྱི་སེམས་ལ་ང་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་སྲིད་འཛིན་དང་བློན་ཆེན། གྲོས་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི་བཅས་ཡིན་སྙམ་པའི་ང་རྒྱལ་ཞིག་གིས་ཡོངས་སུ་བཟི་ནས་ད་ལྟའི་ཆར་རང་ཉིད་ངོ་མི་ཤེས་པའི་ཚོད་དུ་སླེབས་ཡོད་པ་དང་། མི་ཁག་ཅིག་ནི་ཤོག་བུའི་ཐོག་ནས་རྒྱལ་ཁབ་ཆེན་པོ་ཁ་ཤས་ཀྱི་ཁྲལ་འབངས་ཙམ་དུ་གྱུར་ཟིན་པས་བོད་པ་མིན་མདོག་སྟོན་མཁན་ཡང་ཡོང་གི་ཡོད།
བཙན་བྱོལ་བོད་མི་མང་ཆེ་བས་ང་ཚོ་རང་དབང་ལུང་པར་གནས་སྡོད་བྱེད་མཁན་ཡིན་ཟེར་བ་དང་། བོད་ནང་ནས་ཀྱང་ཁྱེད་ཚོ་རང་དབང་ལུང་པར་སྡོད་མཁན་ཟེར་བ་ལྟ་བུའི་བཤད་ཚུལ་ཞིག་ཡོད་པ་མ་ཟད། དོན་གྱིས་ཀྱང་དེ་ལྟ་བུ་ཞིག་ཡིན་པར་ངོས་འཛིན་མི་བྱེད་མཁན་ཞིག་ཕལ་ཆེར་དཀོན་ཚོད་དུ་སྣང་། གནད་དོན་འདི་དག་གང་གི་ཐོག་ནས་བསམ་ཡང་བཙན་བྱོལ་བོད་མི་ལ་རང་ཉིད་ངོ་སྤྲོད་ཀྱི་ཟབ་སྦྱོང་ཞིག་གཞུང་སྒེར་སུས་སྤྲད་ཀྱང་ཡོངས་ཁྱབ་ཀྱིས་སྤྲོད་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ཕྱི་ཚུལ་ནས་ཤེས་ཡོན་ཅན་དང་། དཔལ་འབྱོར་ཅན། དབང་ཤུགས་ཅན། བརྩི་མཐོང་ཅན་ག་འདྲ་ཞིག་ཡིན་པའི་རྣམ་པ་ཡོད་ནའང་རང་ཉིད་ཀྱིས་རང་ཉིད་ངོ་མི་ཤེས་པའི་དུས་ཚོད་ཅིག་ཏུ་གྱུར་ཟིན་པའི་རྗེས་སུ་མི་དེའི་ཁ་ཕྱོགས་ཡོངས་སུ་ནོར་ཡོད་པ་གཏན་ཁེལ་ནས་བཤད་ཐུབ། ལས་དོན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་ག་འདྲ་ཞིག་ཏུ་བསྐྱོད་ཀྱང་དང་པོ་རང་ཉིད་ངོ་ཤེས་པའི་ཐོག་ནས་ཁ་ཕྱོགས་འཚོལ་དགོས་པ་ལས། རང་ཉིད་ཀྱང་བརླགས་ཟིན་པ་ཞིག་གིས་ཁ་ཕྱོགས་གཞན་པ་ཞིག་རྙེད་ཐབས་མེད་པ་ནི་རྩིག་རྨང་མེད་པའི་ཁང་བརྩེགས་ཤིག་དང་གཅིག་པ་རེད།
ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་ལས་བྱེད་དག་ལ་མཚོན་ནའང་དོན་གྱིས་བོད་དོན་འཐབ་རྩོད་བྱེད་མཁན་གྱི་ལས་འགུལ་བ་ཞིག་ཡིན་པ་ཙམ་ལས། རྒྱལ་ཁབ་རང་བཙན་ཡོད་མཁན་གྱི་དབུ་ཁྲིད་ཅིག་དང་མི་འདྲ་བར་རང་ཉིད་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་མཁན་གྱི་ལས་འགུལ་བ་ཙམ་ཞིག་ཡིན་པ་ལས་དབུ་ཁྲིད་དང་ལས་བྱེད་ཅིག་ཡིན་པའི་སྤོབས་པ་དེ་ནི་ནམ་ཡང་ནོར་སོང་བ་རེད། དེ་བཞིན་མི་མང་གི་ངོས་ནས་ཀྱང་མང་གཙོ་དང་རང་དབང་གི་སྤྱི་ཚོགས་ཤིག་ཏུ་ཡོད་པའི་སྣང་བ་ཤར་ནས། ཨ་རི་དང་རྒྱ་གར་ལྟ་བུ་མང་གཙོའི་ཡུལ་ལུང་ཆེ་ཁག་གི་བྱེད་སྟངས་ལ་ལད་ཟློས་བྱེད་རྒྱུ་མེད་པར་ང་ཚོ་ནི་རང་ས་ལག་མཐིལ་ཙམ་མེད་པའི་སྐྱབས་བཅོལ་བ་ཞེ་གཅིག་ཡིན་པ་ལས། རྒྱལ་ཁབ་དེ་དག་གི་ཆབ་འབངས་མི་སེར་གཞན་དང་བསྡུར་ཐབས་གཏན་ནས་མེད། རང་ཉིད་གང་ཡང་མིན་བཞིན་དུ་ཡིན་སྣང་འཆར་བ་དེ་ལ་ཆོས་ཕྱོགས་ནས་ང་རྒྱལ་ཟེར་ཞིང་། དེ་ནི་ཡོན་ཏན་གོང་འཕེལ་དུ་འགྲོ་བའི་འགོག་རྐྱེན་ཆེ་ཤོས་དེ་ཡིན་པས། ང་རྒྱལ་གྱི་ལྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་ཟེར་བ་རེད་ལ་སྡོམ་ཚིག་དེ་དོན་ལའང་གནས་ཡོད་པ་ཞིག་རེད།
སྤྱི་ཡོངས་ནས་རྒྱ་གར་ལ་མཚོན་ན་རང་དབང་ལུང་པ་ཡིན་པ་མ་ཟད། འཛམ་གླིང་འདི་ནས་རང་དབང་ཆེ་ཤོས་ཀྱི་ལུང་པ་ཞིག་ཀྱང་རེད། འོན་ཀྱང་རྒྱ་གར་དེ་ལུང་པ་རང་དབང་ཅན་ཡིན་པ་ཙམ་གྱིས་རང་ས་ལག་མཐིལ་ཙམ་ཡང་མེད་པའི་སྐྱབས་བཅོལ་བོད་མི་ང་ཚོ་རང་དབང་ཅན་ཡིན་མིན་དེ་ངོ་ཤེས་དགོས་པ་དང་། རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་(ΡΧ)ལོ་གཅིག་རེའམ། ཁག་ཅིག་ལ་ལོ་ལྔ་རེའི་མཚམས་ནས་དུས་འགྱང་བྱེད་དགོས་པ་དེ་ཕྱི་མི་རྒྱ་གར་དུ་གནས་སྐབས་རིང་སྡོད་ཆོག་པའི་ལག་ཁྱེར་ཙམ་ཡིན་པ་ལས། དོན་གྱིས་སྐྱབས་བཅོལ་ལག་དེབ་ཅིག་ཀྱང་གཏན་ནས་མིན། དེར་བརྟེན་སྣང་བ་དག་ནས་རང་དབང་ཅན་ཡིན་སྙམ་པའི་བསམ་བློ་དེ་རང་ཉིད་ཀྱིས་རང་ཉིད་ངོ་མི་ཤེས་པ་ཡིན། གལ་སྲིད་ཡུལ་ལུང་སོ་སོའི་མི་སེར་གྱི་ལག་ཁྱེར་ཙམ་རག་ཡོད་ནའང་། དེ་ནི་དོན་གྱིས་རྒྱལ་ཁབ་དེའི་ཡུལ་མི་ངོ་མ་ཞིག་མིན། འོན་ཀྱང་ཁྱེད་རང་རྒྱལ་ཁབ་དེའི་ཆབ་འབངས་རང་ཡིན་པའི་ངོས་འཛིན་ཁ་ཞེ་གཉིས་མེད་ཀྱིས་བྱེད་བཞིན་ཡོད་ན་བཙན་བྱོལ་བོད་མིའི་རྩོད་རྙོག་ཁག་ལ་བྱུས་གཏོགས་གང་ཡང་མེད་པ་འདི་ཡང་ཕྱོགས་གཅིག་ནས་རང་ཉིད་ངོ་མི་ཤེས་པ་རེད།
རྒྱལ་ཁབ་གང་ཞིག་གི་ལག་ཁྱེར་ཡོད་པ་ཙམ་ལས་རང་ཉིད་བཙན་བྱོལ་བོད་མི་ཡིན་པའི་བསམ་བློ་ཡོད་ན་འགྲིག་ཀྱང་། རང་དབང་ཅན་ཡིན་བསམ་པའི་བསམ་བློ་དེ་ཡང་རང་ཉིད་ངོ་མི་ཤེས་པ་ལ་བརྟེན་ནས་བྱུང་བ་རེད། ཨ་རི་དང་རྒྱ་གར་གྱི་ཆབ་འབངས་མི་སེར་གྱི་བྱེད་སྟངས་ལྟ་བུ་བཙན་བྱོལ་བོད་མིའི་འགོ་ཁྲིད་དང་ལས་བྱེད། མི་མང་སོགས་སུས་བྱས་ཀྱང་སྟག་མཆོང་སར་ཝ་མོ་མི་སླེབས་པའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད་པ་མ་ཟད། དེ་ལྟར་མུ་མཐུད་དུ་བྱས་ན་བོད་མིའི་སྒྲིག་འཛུགས་འདི་ཉིད་འཐོར་ནས་རེ་བ་རྒྱག་ཡུལ་གཞན་གང་ཡང་མེད་པར་འགྱུར་ངེས་པ་རེད། གནད་དོན་འདི་དག་གི་ཐོག་ནས་བལྟས་ན་བླ་སྤྲུལ་དགེ་འདུན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ནས་མི་མང་བཅས་ལ་རང་ཉིད་ཀྱིས་རང་ཉིད་ངོ་མི་ཤེས་པར་མངོན་པའི་ང་རྒྱལ་གྱི་ནད་ཡམས་འདི་ཡོངས་ཁྱབ་རང་བཞིན་གྱིས་འགོས་ཟིན་པས། འཕྲོད་བསྟེན་ལས་ཁུངས་སམ་ཡང་ན་སྨན་རྩིས་ཁང་སོགས་གཞུང་སྒེར་གྱི་སྒྲིག་འཛུགས་གང་རུང་ནས་བཙན་བྱོལ་བོད་མི་རྣམས་ལ་རང་ཉིད་སུ་ཡིན་ངོ་སྤྲོད་ཀྱི་ཟབ་སྦྱོང་ཞིག་གནང་མ་ཐུབ་ན་ཡོངས་སུ་ཚར་རྒྱུ་ཡིན་པའི་ནད་རྟགས་སླེབས་འདུག།།