རང་ཉིད་སུ་ཡིན་མ་ཤེས་པའི་རྙོག་གྲ

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༣༠ ཕྱི་ལོ་ ༢༠༢༠/༡༢/༢

སྤྱིར་མང་གཙོའི་སྤྱི་ཚོགས་ནང་འོས་བསྡུ་ཆེན་མོ་སོགས་སུ་རྩོད་རྙོག་མང་པོ་ཡོད་ལ། རྒྱལ་ཁབ་མང་པོའི་ནང་འོས་བསྡུ་དང་འབྲེལ་བའི་ཐོག་ནས་འཁྲུག་རྩོད་ཀྱིས་མི་སྲོག་ཤོར་བའི་ལོ་རྒྱུས་བྱུང་དང་འབྱུང་བཞིན་ཡོད། འཛམ་གླིང་གི་ཁྱོན་ཡོངས་ནས་མང་གཙོའི་མིག་དཔེ་རུ་བརྩི་བཞིན་པའི་ཨ་རིའི་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུ་ཆེན་མོ་དང་འབྲེལ་བའི་སྐོར་ནས་ལོ་གཅིག་ཙམ་ནས་བཟུང་རྩོད་རྙོག་རྒྱུན་མ་ཆད་པར་བྱུང་ཡོད་ལ། ཐ་ན་མི་རིགས་ནག་པོའི་ངོ་རྒོལ་ཡང་འོས་བསྡུའི་རྒྱལ་ཕམ་དང་འབྲེལ་བའི་ཐོག་ནས་བེད་སྤྱོད་བྱས་སོང་བ་ལྟ་བུ་རེད། འགྲན་སྡུར་དང་རྒྱལ་ཕམ་རྩོད་པའི་གོ་རིམ་ནང་རྙོག་གྲ་འདྲ་མིན་མང་པོ་ཡོང་ངེས་པ་ནི་ཆོས་ཉིད་ལྟ་བུར་གྱུར་ཡོད། འོན་ཀྱང་ཨ་རི་དང་། རྒྱ་གར་ལྟ་བུ་མང་གཙོའི་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཁག་ལ་མཚོན་ན་རང་དབང་རང་བཙན་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འབའ་ཞིག་ཡིན་པ་དང་། འཛམ་གླིང་ནང་ཤུགས་རྐྱེན་དང་ནུས་སྟོབས་ཆེ་ཤོས་ཀྱི་གྲས་སུ་ཡོད་ཙང་། དེའི་སྲིད་འཛིན་སྲིད་བློན་དང་གྲོས་ཚོགས་འཐུས་མིའི་གོ་ཐོབ་དང་དབང་ཤུགས་ལ་རྩོད་བཞིན་ཡོད།

ད་དུང་ཕྱོགས་གཅིག་ནས་སྲིད་འཛིན་དང་། སྲིད་བློན། གྲོས་ཚོགས་འཐུས་མི་བཅས་ཀྱིས་གོ་ཐོབ་ཙམ་མ་ཡིན་པར་རྒྱལ་ཁབ་དང་མི་མང་ལ་ཞབས་འདེགས་ཞུ་རྒྱུའི་ཐུགས་འདུན་དམིགས་བསལ་གྱིས་ཡོད་མཁན་ཡང་མང་བ་ཡོད་པར་ངོས་འཛིན་བྱེད་དགོས་པ་ཞིག་རེད། གང་ལྟར་སྟོབས་ཆེན་རྒྱལ་ཁབ་ཁག་གི་འོས་བསྡུ་ཆེན་མོའི་ནང་འགྲན་རྩོད་དང་རྙོག་གྲྭ་ཡོད་པར་ཧང་སང་དགོས་པ་ཞིག་མིན་ནའང་། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ནང་རྩོད་རྙོག་མང་པོ་ཞིག་ཡོང་དགོས་པ་ནི། འོས་གཞིར་བཞེངས་མཁན་དང་། གཙོ་བོ་རྒྱབ་སྐྱོར་བྱེད་མཁན་མི་མང་གི་ངོས་ནས་རང་ཉིད་སུ་ཡིན་མིན་གསལ་པོ་མ་ཤེས་པར་དྲན་པ་བརྗེད་སོང་བ་ལྟ་བུར་གྱུར་ཏེ། རང་དབང་ཅན་གྱི་རྒྱལ་ཁབ་ཁག་གི་འོས་བསྡུ་བྱེད་སྟངས་སོགས་མཐོང་སྟེ་སྣང་བ་དག་པའི་ཐོག་ནས་དེ་དག་དང་གཅིག་མཚུངས་བྱེད་དགོས་སྣང་ཤར་བ་རེད། དོན་དངོས་ཐོག་ནས་གནད་དོན་འདི་ལ་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་གནས་བབས་ངོ་མ་དེ་ངོ་སྤྲོད་གསལ་པོ་ཞིག་བསྐྱར་དུ་བྱེད་དགོས་པའི་དུས་ལ་བབ་འདུག

དོན་དངོས་སུ་བཙན་བྱོལ་བོད་པའི་སྤྱི་ཚོགས་དང་། བཙན་བྱོལ་བོད་གཞུང་ནི་མིའི་ལུང་པར་སྐྱབས་བཅོལ་དུ་གནས་པའི་སྒྲིག་འཛུགས་ཙམ་ཞིག་ཡིན་པ་ལས། རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་མ་ཡིན་པར། རྒྱ་ནག་ལྟ་བུའི་སྟོབས་ཆེན་དང་མ་རབས་ཆེ་བའི་སྲིད་དབང་སྒེར་གཅོད་བྱེད་མཁན་གདུག་རྩུབ་ཅན་གྱི་སྲིད་གཞུང་ཞིག་ལ་འཐབ་རྩོད་བྱེད་མཁན་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནི་འཐབ་རྩོད་བྱེད་མཁན་ལས་འགུལ་གྱི་འགོ་འཁྲིད་ཅིག་དང་། སྐྱབས་བཅོལ་བོད་མི་ཕལ་མོ་ཆེའི་འཚོ་བའི་གནས་སྟངས་ལ་ལྟ་རྟོག་བྱེད་མཁན་གྱི་འགན་ཁུར་ལྕི་མོ་ཞིག་ཡོད་པ་ལས། དབང་ཚད་མཐོ་ཤོས་ཀྱི་གོ་གནས་ཤིག་གཏན་ནས་མིན་པ་འདི་ཚང་མའི་སེམས་ལ་ངེས་དགོས་པ་ཞིག་རེད། མི་ཁ་ཤས་ཀྱིས་ཀུ་རེ་དང་རྩེད་མོ་ལྟ་བུར་ངོས་འཛིན་བྱས་ནས་སྲིད་སྐྱོང་དུ་ལང་མཁན་ཡིན་པའི་གསལ་བསྒྲགས་དང་། འདྲ་མིན་སྣ་ཚོགས་བཤད་མཁན་ཡོད་པ་ལས། དོན་དངོས་སུ་སྲིད་སྐྱོང་དུ་བཞེངས་མཁན་ཚང་མ་སེམས་ཤུགས་དང་ལྷག་བསམ་ཡོད་མཁན་འབའ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་རེད།

གཞན་སྒེར་ངོས་ནས་སྲིད་སྐྱོང་གི་གོ་གནས་ཐོབ་པ་ཙམ་གྱིས་རྒྱུ་འབྱོར་སོགས་ལ་ཁེ་ཕན་ཡོད་པ་ཞིག་གཏན་ནས་མིན། དཔེར་ན་མཁས་དབང་ཟམ་གདོང་རིན་པོ་ཆེས་སྤྱི་འཐུས་ཚོགས་གཙོ་ལོ་བཅུ་དང་། བཀའ་བློན་ཁྲི་པ་ལོ་བཅུ་བཅས་མི་ལོ་ཉི་ཤུ་ཐམ་པར་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་མཛད་འགན་ཆེ་ཤོས་བཞེས་ཀྱང་། ལས་གནས་ནས་འཁྱོལ་རྗེས་དེ་དང་འབྲེལ་བའི་ཐོག་ནས་བགྲེས་ཕོགས་ཧིན་སྒོར་གཅིག་ཙམ་དང་། བགྲེས་ཤག་ཁང་མིག་གཅིག་ཙམ་གྱི་ཐོབ་ཐང་ཡང་མེད། ཁོང་ལྟ་བུ་བླ་སྤྲུལ་སྐྱེས་ཆེན་དང་འདོད་ཆུང་ཆོག་ཤེས་ཅན་ཞིག་ལ་གལ་ཆེན་པོ་དེ་ཙམ་མིན་སྲིད་ནའང་། ནང་མི་བུ་ཕྲུག་དང་བཅས་པ་ཡོད་མཁན་ཞིག་ལ་མཚོན་ན་གནད་དོན་འདི་ཡང་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད། ད་དུང་བཙན་བྱོལ་བོད་གཞུང་གི་སྔོན་རྩིས་ལ་གྲོས་ཚོགས་ཀྱིས་སྟངས་འཛིན་དང་། ལས་དོན་བྱས་ཟིན་པའི་རྩིས་ཁྲ་ལ་རྩིས་ཞིབ་ལས་ཁང་དང་། རྒྱ་གར་གྱི་སྤྱི་ཁྱབ་རྩིས་ཞིབ་པ་སོགས་ཀྱི་ཞིབ་འཇུག་གཏིང་ཟབ་གནང་བཞིན་པས་ལྐོག་ཟ་རུལ་སུངས་ཀྱི་ལམ་ཁ་ནི་གཏན་ནས་མེད་པ་ལྟ་བུར་གྱུར་ཡོད།

མདོར་ན་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་གང་ཡིན་ཡང་མི་རིགས་དང་འཐབ་རྩོད་ཀྱི་ལས་འགན་ཆེན་པོ་ཞིག་ཡོད་པ་ལས། གོ་གནས་དང་དབང་ཚད་ཆེན་པོ་ཞིག་མིན་པ་གསལ་པོ་ཧ་གོ་ན་རྩོད་རྙོག་འདི་དག་ཀྱང་རིམ་པས་ཉུང་དུ་འགྲོ་སྲིད། དཔེར་ན་ད་ལྟ་སྲིད་སྐྱོང་དང་བཀའ་བློན། ཚོགས་གཙོ་དང་སྤྱི་འཐུས། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་བཅས་མིང་ག་རེ་བརྗོད་ཀྱང་དོན་དངོས་སུ་ཧི་མ་ཅལ་མངའ་སྡེའི་དཔོན་རིགས་རྣམས་ལྟ་ཅི་ཐམས་ཅད་ཀང་ར་རྫོང་དཔོན་གྱི་འོག་ཏུ་ཡོད་པས། ང་རང་ཚོའི་སྣང་བ་དག་པའི་བསམ་ཚུལ་ལ་བརྟེན་ནས་སྲིད་སྐྱོང་གི་ཞབས་སྟེགས་འདིར་རྩོད་གླེང་མང་པོ་ཞིག་བྱེད་དགོས་པའི་རྒྱུ་མཚན་མེད་ཀྱང་། ཤེས་ཡོན་དང་འཇོན་ཐང་ཡོད་མཁན་རྣམས་ཀྱིས་འཚང་ཁ་ཤིག་ཤིག་གནང་བ་ནི་བསྔགས་བརྗོད་འོས་པ་ཞིག་རེད། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་དཀའ་ངལ་ཆེན་པོ་འཕྲད་མི་སྲིད་ཀྱང་། བོད་ཀྱི་གནད་དོན་ཐག་གཅོད་མ་བྱུང་ན་དེའི་རྗེས་སུའང་འདི་ལྟར་འཚང་ཁ་རྒྱག་མཁན་ཡོད་པའི་རེ་བ་དང་སྨོན་ལམ་རྒྱག་དགོས་པ་ཞིག་རེད།།

Share this:

Leave a Reply