རང་དབང་ཁང་པས་རྒྱ་ནག་ནི་འཛམ་གླིང་ཐོག་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་གཙོ་བོ་དེ་ཡིན་པའི་སྙན་ཐོ་བཏོན།

རྒྱ་ནག་ནི་འདས་པའི་ལོ་ངོ་བཅུའི་རིང་། འཛམ་གླིང་ཐོག་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་གཙོ་བོ་དེ་ཆགས་ཡོད་པ་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པའི་ཞིབ་འཇུག་སྙན་ཐོའི་ནང་གསལ་འདུག

པར། རང་དབང་ཁང་པ།

ཟླ་འདིའི་ཚེས་༡༢ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པས(Freedom House) ཕྱི་ལོ་༢༠༡༤ ནས་༢༠༢༤ བར། འཛམ་གླིང་ཁྱོན་ཡོངས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱུང་ཡོད་པའི་ཐོག་ལ་ཞིབ་འཇུག་སྙན་ཐོ་ཐེངས་གཉིས་པ་དེ་ཟླ་འདིའི་ཚེས་༦ ཉིན་འདོན་སྤེལ་གནང་ཡོད་འདུག

ཞིབ་འཇུག་གི་སྙན་ཐོ་དེའི་ནང་། ཕྱི་ལོ་༢༠༡༤ ནས་༢༠༢༤ བར་རྒྱལ་ཁབ་༤༨ ཀྱིས་རྒྱལ་ཁབ་༡༠༣ གྱི་ནང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཁྱོན་༡༢༡༩ བྱས་ཡོད་པ་དང་། ཨུ་རུ་སུ་དང་། ཏུར་ཀི། ཨི་ཇིབ་བཅས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཤུགས་ཆེན་བྱས་ཡོད་ན་ཡང་། རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་གནས་ཚུལ་ཁྲོད་ནས་གནས་ཚུལ་༢༧༢ སམ་བརྒྱ་ཆ་༢༢% ཀྱི་འགན་འཁྲི་རྒྱ་ནག་ལ་ཡོད་པ་སྙན་ཐོའི་ནང་དུ་བཀོད་ཡོད་པ་མ་ཟད། རྒྱ་ནག་ནི་འདས་པའི་ལོ་ངོ་༡༠ རིང་། འཛམ་གླིང་ཁྱོན་ཡོངས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་གཙོ་བོ་དེ་ཆགས་ཡོད་པ་གསལ་སྟོན་བྱས་ཡོད་འདུག

རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ཐབས་ལམ་བརྒྱུད་ནས་རྒྱལ་ཁབ་གཞན་དུ་གནས་སྡོད་བྱེད་མཁན་དག་གི་དགག་སྒྲུབ་བྱེད་སའི་སྡིངས་ཆ་མེད་པ་བཟོ་ཐབས་དང་། དེ་བཞིན་ཆབ་སྲིད་སྐྱབས་བཅོལ་བ་རྣམས་ཀྱི་ཁ་འགོག་ཐབས་སོགས་བྱེད་ཀྱི་ཡོད་པ་དང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱིས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཁ་བཟོ་བཞིན་ཡོད་འདུག

དེ་བཞིན་གནམ་ཐང་དང་མེ་འཁོར་འབབ་ཚུགས། དེ་མིན་ས་མཚམས་སུ་འགྲུལ་བཞུད་བྱེད་མཁན་དག་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་པའི་གནས་ཚུལ་༣༦༩ ཐོན་ཡོད་པ་དང་། གནོད་འཚེ་ཕོག་མཁན་དེ་དག་གི་ཁྲོད་ནས་ཕྱེད་ཀ་ལྷག་ནི་སྐྱབས་བཅོལ་ཞུ་མཁན་གྱི་མི་སེར་ཡིན་ཞིང་། རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱིས་རྒྱལ་སྤྱིའི་འགྲུལ་བཞུད་བྱེད་རྒྱུ་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་འདུག

འདས་པའི་ལོ་ངོ་བཅུའི་རིང་། སྒེར་གཅོད་པའི་སྲིད་གཞུང་ཕན་ཚུན་ཙམ་མ་ཟད། མང་གཙོའི་རྒྱལ་ཁབ་དང་སྒེར་གཅོད་སྲིད་གཞུང་བར་མཉམ་ལས་ཀྱིས་དམིགས་འབེན་བྱས་པའི་མི་སྣ་འཛིན་བཟུང་དང་། ཕྱིར་འབུད། རྩིས་སྤྲོད་བཅས་ཁོ་ན་མ་ཡིན་པར། རྒོལ་རྡུང་དང་དམར་གསོད་བཅས་ཀྱི་གནས་ཚུལ་༧༨༠ བྱུང་ཡོད་འདུག

དྲག་གནོན་བྱེད་མཁན་སྲིད་གཞུང་ཚོས་རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་དུ་ཡོང་བའི་རང་དབང་ཅན་གྱི་གསར་འགོད་པ་དང་། གསང་བ་ཕྱིར་བསྒྲགས་བྱེད་མཁན་རྣམས་ནི་རང་གི་དབང་ཆར་ཉེན་ཁ་བཟོ་མཁན་ཞིག་ལ་ངོས་འཛིན་བྱས་ནས་རྒྱུན་དུ་ས་མཚམས་བརྒལ་ནས་རང་དབང་ཅན་གྱི་གསར་འགོད་པ་ཚོར་འཇིགས་སྐུལ་དང་། དྲང་བདེན་གྱི་གནས་ཚུལ་སྤེལ་བར་དམ་དྲག་བྱེད་ཀྱི་ཡོད་འདུག  ཕྱི་ལོ་༢༠༡༤ ནས་བཟུང་། སྲིད་གཞུང་༢༦ གིས་བཙན་བྱོལ་ལམ། སྐྱབས་བཅོལ་དུ་ཡོད་པའི་གསར་འགོད་པ་ཚོར་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་དོན་རྐྱེན་༡༢༤ བྱུང་ཡོད་འདུག

ཕྱི་ལོ་༢༠༢༡ ལོར་རང་དབང་ཁང་པས་ཕྱི་ལོ་༢༠༡༤ ནས་༢༠༢༠ བར་གྱི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ཐོག་ལ་ཞིབ་འཇུག་སྙན་ཐོ་ཐོག་མ་དེ་བཏོན་ནས་བཟུང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རི་དང་ཁེ་ན་ཌ། དེ་བཞིན་དབྱིན་ཡུལ་སོགས་མང་གཙོའི་རྒྱལ་ཁབ་ཚོས་རྒྱལ་སྤྱིའི་ནང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྤེལ་མཁན་འགའ་ལ་སྲིད་དོན་ཉེས་ཆད་བཅད་པ་དང་། གཉའ་གནོན་འོག་ཚུད་པ་འགའ་ལ་རོགས་སྐྱོར་བྱས་ཡོད་པར་བཀོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།