རང་དབང་བློས་གཏོང་བ་འདི་ལས་སླ་པོ་ཞིག་རེད་འདུག

གངས་དཀར་སེམས་ཀྱིས་བསྒྱུར།

ཨ་རིའི་དགེ་རྒན་གྱིས་ཉིན་ལྔའི་ཚོད་ལྟ་བརྒྱུད་སློམ་ཕྲུག་ཡོངས་ཀྱི་བསམ་བློ་གཙང་འཁྲུས་བྱས་ཏེ་ནཱ་ཛིར་Nazi ཆགས་འཇུག་སྟངས་མིག་སྟོན་བྱས་པ།

དཔྱད་བརྗོད། མི་རྣམས་ལ་བྱ་རྒས་ན་ཚང་དྲན་པའི་བསམ་བློ་དེ་བརྒྱུད་མཐུད་ཡོད་པ་ཙམ་གྱིས་ནཱ་ཛི་ནི་ལས་སླ་པོའི་སྒོ་ནས་བསྐྱར་བསྐྲུན་ཐུབ་པ་ཞིག་ཆགས་ཡོད།

༢༠༠༨ ལོའི་འཇའ་མན་Germany གྱི་རྦ་རླབས་ཞེས་པའི་གློག་བརྙན་དེས་ཁེངས་སྤོབས་སྐྱེ་བཞིན་པའི་སྲིད་པའི་དཔལ་ཡོན་ civilization ནི་ང་ཚོའི་སེམས་ནས་བསམ་པ་ལས་ཀྱང་ཉམས་དམའ་ཞིང་ཞིག་ཆོག་ཆོག་ཅིག་ཡོད་པའི་སྐོར་གསལ་སྟོན་བྱས་ཡོད་པ་རེད།

གློག་བརྙན་ནང་དགེ་རྒན་ཞིག་གིས་ཉིན་ལྔ་ཙམ་ནང་འུར་ཟིང་གིས་ཁེངས་པའི་སློབ་མ་རྣམས་མཐའ་གཅིག་ཏུ་བཀའ་ལ་ཉན་མཁན་གྱི་ནཱ་ཛིའི་ཚོགས་མིར་བསྒྱུར་ཡོད། དེར་གནས་ཚུལ་གང་བྱུང་བ་ཡིན་ནམ་ཟེར་ན། ལོ་རྒྱུས་དེབ་ནང་ནཱ་ཛིའི་སྐོར་གྱི་འགྲེལ་བརྗོད་དང་སྲིད་དབང་གཅིག་བསྡུད་དང་མི་གཤིས་ལ་རྒོལ་བའི་སྐོར་མཐོང་དུས་ང་ཚོར་རང་བཞིན་གྱིས་འཇིགས་སྐྲག་དང་ཁོང་ཁྲོ་ཡོང་སྲིད། འོན་ཀྱང་ལོ་ངོ་༧༠ ཙམ་གྱི་སྔོན་ལ་འཇར་མན་མི་དམངས་ཀྱིས་དེ་མི་ཤེས་པ་ག་ལ་སྲིད།

ཁོ་ཚོས་ཧཱི་ཐི་ལིར་Hitler མགོ་འབུལ་ལུས་འབུལ་དགོས་དོན་གང་ཡིན་ཞེས་པའི་དེབ་ནང་རྩོམ་པ་པོས་ཧཱི་ཐི་ལིས་དབང་སྒྱུར་བྱེད་སྐབས་ཚོགས་མི་གྲངས་ཁྲི་ཆིག་སྟོང་སུམ་བརྒྱ་ལྷག་བསྡུས་ཤིང་། དེ་ནི་སྐབས་དེའི་འཇར་མིན་མི་འབོར་ཡོངས་ཀྱི་དྲུག་ཆ་གཅིག་མ་ཟིན་ཙམ་ཡིན་ལུགས། གཞན་ཡང་དེའི་གཞོན་ནུ་རུ་ཁག་དང་ཧཱི་ཐི་ལིའི་ཚོགས་མི་གཞོན་ནུ་གྲངས་བསྡོམས་ན། སྐབས་དེར་རྒྱལ་ཡོངས་མི་མང་ཚང་མ་ནཱ་ཛིའི་ཚོགས་མི་རེད་ཟེར་ཆོག་པ་ཡིན།

དེ་དག་ཚང་མ་མི་སྲིད་པ་མིན། རྦ་རླབས། ཅེས་པའི་གློག་བརྙན་དེར་བལྟས་ན། དོན་དངོས་ཐོག་དེ་ནི་མཱོ་ཊོམ་ Morton Rhue གྱི་བརྩམས་སྒྲུང་ནས་བཅོས་སྒྲིག་བྱས་པ་ཡིན། དེའི་ནང་ཁཱ་ལི་ཧྥོ་ཉི་ཡ་California གྲོང་གི་མཐོ་འབྲིང་སློབ་གྲྭ་ཞིག་ཏུ་བྱུ​​ང་བའི་དངོས་ཡོད་གནས་ཚུལ་ཞིག་རེད།

མཇུག་དེར་གློག་བརྙན་གྱི་ནང་དོན་ལྟར་མི་བསད་རྟ་འགྱེར་གྱི་གནད་དོན་བྱུང་མེད་ཀྱང་ཚོད་ལྟའི་འཁྲབ་ཚན་དེ་ནས་མིའི་རང་གཤིས་ལོག་པར་བཅོས་པའི་བྱ་སྤྱོད་དེར་ཞིབ་དཔྱོད་ཅིག་བྱ་འོས་པ་རེད།

 

དངོས་ཡོད་ཀྱི་གནས་སུ་ཕྱིར་ལོག་པ།

༡༩༧༦ ཟླ་༤ པར་ཁཱ་ལི་ཧྥོ་ཉི་ཡའི་མིང་ལ་ཕཱོ་ལོ་ཨ་ཋོ་ཁ་པེ་ལི་ Palo Alto Cubberley ཞེས་པའི་མཐོ་འབྲིང་སློབ་གྲྭ་ཞིག་ཏུ་དགེ་རྒན་རཱོན་ཀྱོང་སིས་Ron Jonesཧཱི་ཐེ་ལིས་བཙན་རྒྱལ་གསུམ་པ་ཞེས་པ་དེ་གསར་འཛུགས་བྱས་པའི་སྐོར་སློབ་འཁྲིད་བྱེད་བཞིན་ཡོད། སློབ་མ་ཞིག་གིས་དགེ་རྒན་ལ། སྐབས་དེར་འཇར་མན་མི་ཚོས་ཇུའུ་ཞི་ Jewish མི་དམར་བསད་བཏང་བའི་སྐོར་རྩ་བ་ནས་ཤེས་ཀྱི་མེད་ལུགས་བཤད་དགོས་དོན་གང་ཡིན་ནམ། ཞིང་པ་དང་སྨན་པ། དགེ་རྒན་གང་ཡིན་ཡང་ཚང་མས་བཙོན་པའི་གཞིས་སྒར་ Concentration camp དེར་བྱུང་བའི་སྐྱོ་གནས་དེ་དག་ཤེས་ཀྱི་མེད་པ་རེད་དམ་ཞེས་དྲིས།

སློབ་མའི་དྲི་བ་དེར་དགེ་རྒན་རཱོན་གྱིས་ལན་ཇི་ལྟར་འདེབས་དགོས་མ་ཤེས་པར་བརྟེན། ཁོས་ནཱ་ཛི་ཆུང་ངུ་ཞིག་བསྐྱར་བསྐྲུན་གྱིས་འཇར་མན་བཙན་རྒྱལ་སྐབས་དེའི་སྤྱི་ཚོགས་ཕྱིར་མངོན་ཐབས་ཐོག་སློབ་མ་ཚོས་བཙན་རྒྱལ་རིང་ལུགས་པའི་འཇིགས་སྣང་དང་ནུས་ཤུགས་དེ་དངོས་སུ་མྱོང་ཐུབ་ཐབས་བྱས།

 

ཚོད་ལྟའི་ཉིན་དང་པོ།

སློབ་མ་ཧྥི་ལི་ཕུ་ནེལ Phillip Neel གྱིས་དེའི་སྐོར་ཕྱི་དྲན་བྱེད་སྐབས། དགེ་རྒན་རཱོམ་གྱིས་སློབ་མ་ཉུང་ཤས་ལ་སློབ་གྲྭའི་ནང་གི་གསང་སྤྱོད་བེད་སྤྱོད་མི་ཆོག་པར་བཟོས་ཏེ་ང་ཚོར་རིགས་རུས་དབྱེ་འབྱེད་ལ་མྱོང་ཚོར་ཞིག་བཟོས་ཡོད།

རྒྱུན་གཏན་དུ་སློབ་མའི་མིག་ནང་གི་དགེ་རྒན་རཱོམ་ནི་སྙིང་ཉེ་བ་ཞིག་ཡིན་ཡང་ཚོད་ལྟ་དེ་འགོ་བརྩམས་པའི་ཉིན་དང་པོ་ནས་བཟུང་ཁོང་གིས་སློབ་མ་ཚོར་སྡོད་སྟངས་སྲོང་པོའམ་མགོ་དགྱེ་བྲང་ཁ་ལྡིར། རྐང་པ་གཉིས་མཉམ་དུ་བསྒྲིགས་ནས་སྡོད་ཅིང་། ལག་གཉིས་རྒྱབ་དུ་བཞག་སྟེ་རྒྱུན་ཆད་མེད་པར་ཡར་ལང་མར་སྡོད་བྱེད་བཅུག

མཇུག་ཏུ་ཁོང་གིས་སློབ་མ་དེ་དག་འཛིན་ཁང་ཕྱིར་ལང་དགོས་པ་དང་ཁོས་སྐད་བཏང་རྗེས་གཞི་ནས་འཛིན་ཁང་དུ་ཕྱིར་ལོག་ནས་རྐུབ་བཀྱག་ཐོག་སྡོད​​་ཆོག་པ་བཟོས། ལེ་ཚན་དེར་སྐར་མ་ཁ་ཤས་ལས་སྦྱོང་བརྡར་བྱས་མེད་རུང་སློབ་མ་ཚང་མས་དགེ་རྒན་རཱོམ་གྱིས་བཤད་པ་གོང་གསལ་ལྟར་དེར་བྱང་ཆ་ལྡན་པ་གྱུར།

དེ་ནས་དགེ་རྒན་གྱིས་སློབ་ཚན་འཚོགས་སྐབས་གལ་ཏེ་སློབ་མས་སྐད་ཆ་བཤད་པའམ་དྲི་བ་འགོད་དགོས་ཚེ་ངེས་པར་དུ་ཡར་སྒྲོག་ཙེའི་ཟུར་དུ་ལང་བ་དུས་མཚུངས་རྒན་ལགས་ཞེས་བརྡ་བཏང་རྗེས་གཞི་ནས་སྐད་ཆ་བཤད་དགོས་བཟོས་པ་དང་། ད་དུང་ངེས་པར་དུ་སྐད་ཆ་སྟབས་བདེ་མདོར་བསྡུས་བཤད་དགོས་ལ་སྒྲ་དག་པོ་དགོས། གལ་ཏེ་གསལ་ལ་མི་གསལ་བའི་རིགས་བྱུང་ཚེ་དེར་ངེས་པར་དུ་དགེ་རྒན་གྱིས་འགྲིག་ལུགས་སམ་ཡིད་ཚིམས་པའི་སྒོ་ནས་ངོས་ལེན་མ་བྱས་པར་ཡང་ནས་བསྐྱར་དུ་དེ་འདྲ་ལབ་ཟློས་བྱེད་དགོས།

དགེ་རྒན་གྱིས་དེ་ལྟར་རྒྱུན་མཐུད་བྱས་པར་གྲུབ་འབྲས་ཧ་ལས་དགོས་པ་ཐོན་ཡོད། རྒྱུན་དུ་དགེ་རྒན་གྱི་ཁ་ལ་དེ་ཙམ་མི་ཉན་མཁན་སློབ་མ་དེ་ཚོ་ཡིན་རུང་སྦྱོང་བརྡར་ཧ་ཅང་ལེགས་པོར་ཐེབས། དེ་བས་འཛིན་གྲྭ་སྤྱིའི་ཆུ་ཚད་མཐོར་འདེགས་བྱུང་ཡོད་པ་མ་ཟད། སློབ་མའི་ལན་འདེབས་སྟངས་འཐུས་ཚང་ལ་རིག་པ་རྩེ་གཅིག་ཏུ་གཏད་ཐུབ་པ་བཅས་བྱུང་ཡོད་པ་རེད།

 

ཚོད་ལྟའི་ཉིན་གཉིས་པ།

དགེ་རྒན་རཱོམ་སློབ་ཁང་དུ་ཡར་འཛུལ་མ་ཐག་ཁོས་སློབ་མ་ཡོངས་ལུས་གྲུང་གྲུང་ངང་ལྷིང་འཇགས་ལ་གནས་པར་མཐོང་། སློབ་མ་ཚོར་གཞན་སུ་གཅིག་གིས་དེ་ལྟར་དགོས་པའི་རེ་བཀོད་བྱེད་མཁན་མེད་ཀྱང་། སློབ་མ་ཚོས་ཐོག་མཐའ་བར་གསུམ་དུ་འདི་ལྟར་དགེ་རྒན་ཕེབས་བསུ་ཞུ་ཡི་ཡོད། སློབ་མ་ཚོ་ཚོར་བ་རྣོན་པོའི་སྒོ་ནས་དགེ་རྒན་རོམ་གྱི་སློབ་ཚན་ལ་རེ་འདོད་ཆེ་ཞིང་། སློབ་འཁྲིད་སྐབས་ཀྱང་ཚང་མས་རིག་པ་རྩེ་གཅིག་ཏུ་གཏད་ནས་དགེ་རྒན་གྱི་སློབ་ཚན་མཇུག་མ་སྒྲིལ་བར་གཟབ་ནན་གྱིས་ཉན་གྱི་ཡོད་པ་རེད།

སློབ་ཚན་མ་གྲོལ་བའི་སྔོན་དགེ་རྒན་རཱོམ་གྱིས་ལག་གཡས་པ་མདུན་དུ་བསྲེང་ནས་ཐོག་མར་ལག་མཐིལ་ཡར་གནམ་ལ་གཏད། དེ་ནས་ལག་མཐིལ་མར་ས་ལ་གཏད་དེ་དབྱིབས་ཁྱུག་པོ་རླབས་ཕྲེང་ལྟ་བུ་ཞིག་བྱས་ཏེ་ལག་བརྡ་བཏང་།

ལག་བརྡ་དེ་ནི་དགེ་སློབ་དབར་གྱི་འཚམ་འདྲིའི་བརྡ་ལ་གཏན་འབེབས་བྱས། དགེ་སློབ་རྣམས་གང་དུ་ཐུག་ཀྱང་ཕན་ཚུན་ལག་བརྡ་དེ་བཏང་བ་ཙམ་གྱིས་དེ་དག་ཚོད་ལྟའི་ལས་འགུལ་ཚད་མཐོན་པོ་ཟེར་བའི་ལས་འཆར་ཚོགས་པ་དེའི་ཆ་ཤས་ཤིག་ཡིན་པར་མཚོན།

ཁོང་གིས་ལག་བརྡ་དེར་རླབས་གསུམ་པ་ཞེས་མིང་བཏགས། གཞན་སུ་གཅིག་གིས་ཀྱང་ལག་བརྡ་དེ་ནི་ཧཱི་ཐི་ལེས་བཙུགས་པའི་བཙན་རྒྱལ་ཨང་གསུམ་པ་ཟེར་བ་དང་ཁྱད་མཚར་བའི་སྒོ་ནས་ཧ་ཅང་འདྲ་མཚུངས་ཡིན་པ་ཤེས་རྟོགས་བྱུང་མཁན་མེད་པ་རེད།

དེ་རྗེས་ཀྱི་ཉིན་འགའི་ནང་སློབ་གྲྭའི་ཟ་ཁང་དང་དཔེ་མཛོད་ཁང་། ཐང་ཆེན་བཅས་སུ་རླབས་གསུམ་པ་ཞེས་པའི་ལག་བརྡ་ཡིས་ཕན་ཚུན་འཚམ་འདྲི་བྱེད་མཁན་སློབ་མ་ཇེ་མང་ལ་སོང་། དེ་ནས་ཚོད་ལྟ་དེ་སློབ་གྲྭའི་ཡོངས་སུ་དར་ཁྱབ་དུ་སོང་ཚར་ཡོད་པ་རེད།

 

ཚོད་ལྟའི་ཉིན་གསུམ་པ།

དགེ་རྒན་རཱོམ་གྱིས་འཛིན་གྲྭའི་སློབ་མ་ཡོངས་ལ་བྱང་བུ་རེ་གནང་། དེའི་ནང་གི་བྱང་བུ་གསུམ་ལ་གོར་རྟགས་བརྒྱབས། བྱང་བུ་གསུམ་དེ་རག་མཁན་གྱི་སློབ་མས་ངེས་པར་དུ་དམིགས་བསལ་གྱི་བཀའ་རྒྱ་བསྒྲུབ་སྟེ། རླབས་གསུམ་པ་ཞེས་པའི་ལག་བརྡ་བེད་སྤྱོད་མི་བྱེད་མཁན་གྱི་སློབ་མ་རྣམས་གོང་རིམ་ལ་རྩིས་སྤྲོད་བྱེད་དགོས། དགེ་རྒན་གྱིས་སློབ་མ་གསུམ་ལ་མ་གཏོགས་བཀའ་རྒྱ་མངགས་མེད། འོན་ཀྱང་མཇུག་ཏུ་སློབ་མ་༢༠ ཙམ་རྩིས་སྤྲད་བྱས་ཡོད། དེའི་ནང་རླབས་གསུམ་པའི་བྱང་བུ་ཡོད་མཁན་ཚོར་འཕྱ་དམོད་བྱེད་མཁན་གྱི་གྲོགས་པོ་དང་། ལས་འགུལ་དེར་དོགས་འདྲི་བྱེད་མཁན་གྱི་སློབ་མའི་ཕ་མའང་ཚུད་ཡོད།

སློབ་མ་ནཱེལ་ Neil གྱིས་སྐབས་དེར་ཁོས་གྲོགས་པོའི་རླབས་གསུམ་པའི་བྱ་སྤྱོད་ལ་ཀུ་རེ་བྱས། འོན་ཀྱང་མཇུག་དེར་དགེ་རྒན་རཱོམ་གྱིས་སློབ་ཚན་འཚོགས་དུས་ཁོའི་མིང་བཏོན་པར་བརྟེན། དུས་དེ་ནས་བཟུང་ཁོའི་སེམས་ནང་ལ་རྔམས་སྐྲག་བྱེད་རྒྱུ་འགོ་བརྩམས་པའི་སྐོར་བཤད་ཡོད་པ་རེད།

 

ཚོད་ལྟའི་ཉིན་བཞི་པ།

སློབ་ཚན་དེའི་ཐོག་མའི་སློབ་མ་གྲངས་༣༠ ནས་༨༠ བར་འཕར་གནོན་བྱུང་། སློབ་མས་དེ་སྔོན་གྱི་སློབ་ཚན་གཡུགས་ཏེ་རླབས་གསུམ་པའི་ཚོགས་པར་མཉམ་བཞུགས་བྱས། སྐབས་དེར་དགེ་རྒན་རཱོམ་གྱིས་ལས་འཆར་དེ་མུ་མཐུད་མདུན་སྐྱོད་ཀྱིས་ཚོད་ལྟ་དེར་མཐར་མཇུག་འབྲས་ཅི་འདྲ་ཞིག་ཡོང་མིན་ལྟ་དགོས་སྙམ། དེར་བརྟེན། ཁོས་རླབས་གསུམ་པའི་ལས་འཆར་དེ་སང་ཉིན་དགུང་དྲོ་ཆུ་ཚོད་༡༢ རྗེས་རྒྱལ་ཡོངས་རང་བཞིན་གྱི་གཞོན་ནུའི་ལས་འགུལ་ཞིག་ཆག་རྒྱུ་ཡིན་ཞིང་། དེས་རྒྱལ་ནང་ཆབ་སྲིད་སྒྲོམ་གཞིར་བཅོས་སྒྱུར་ཡོང་རྒྱུ་ཡིན་པར་གསལ་བསྒྲགས་བྱས། སྐབས་དེར་སློབ་གྲོགས་ནཱེལ་གྱིས་སློབ་མ་སུ་གཅིག་གིས་ཀྱང་དགེ་རྒན་རཱོམ་གྱི་བཀའ་ལ་ཐེ་ཚོམ་སྤུ་ཙམ་ཟ་མཁན་བྱུང་མེད་པ་རེད་ཅེས་བཤད།

 

ཚོད་ལྟའི་ཉིན་ལྔ་པ།

སློབ་གྲྭའི་ཚོགས་ཁང་དུ་སློབ་མ་༢༠༠ བརྒལ་བ་འཚང་ནས་བྱུང་། རླབས་གསུམ་པ་ཞེས་བྲིས་པའི་ཕྲེད་བྱང་དེ་མཐོ་ས་གང་སར་བཀལ་འདུག སློབ་མ་ཡོངས་གྲུང་ཤ་དོད་པོའི་སྒོ་ནས་རྐུབ་སྟེགས་ཐོག་བསྡད་པ་མ་ཚད། དགེ་རྒན་རཱོམ་གྱིས་ཤིས་ཚིག་བཅོས་བསྒྱུར་བཏང་ཚར་རྗེས་ཚང་མས་གཅིག་མཚུངས་ཀྱིས་རླབས་གསུམ་པའི་ལག་བརྡ་ཡིས་ཕན་ཚུན་འཚམ་འདྲི་མཉམ་དུ་བྱས། མཇུག་དེར་དགེ་རྒན་རཱོམ་གྱིས་བརྙན་འཕྲིན་ཁ་ཕྱེས། བརྙན་འཕྲིན་ནང་གང་ཡང་ཤར་མེད་ཀྱང་གོང་མའི་སྒྲིག་ཁྲིམས་ལ་ཉན་རྒྱུར་བྱང་ཚར་བའི་སློབ་མ་རྣམས་སྔར་བཞིན་དེར་རེ་སྒུག་བྱས་ནས་བསྡད་ཡོད་པ་རེད།

དེ་ནས་སློབ་མ་གཅིག་གིས། གཙོ་འཛིན་ཟེར་བ་ཡོད་མ་རེད། དེ་འདྲ་རེད་དམ་ཞེས་དྲི་བ་ཞིག་བཀོད། ཚོགས་ཁང་གི་ལྷིང་འཇགས་དེ་དྲི་བ་དེས་ཐད་ཀར་བཤགས་པ་ལྟར་བཟོས། སློབ་མ་རྣམས་གློ་བུར་དུ་གཉིད་སད་པ་ལྟར་དེར་དཔྱད་པ་དང་བགྲོ་གླེང་བཤད་མཁན་རྣམས་འབར་གས་བཞིན་གང་སར་འཐོར་ནས་ཡོད།

 

དགེ་རྒན་རཱོམ་གྱིས། དེ་ག་རང་རེད། འོན་ཀྱང་ཏོག་ཙམ་མ་གཏོགས་ང་ཚོ་ཡང་ཕུལ་བྱུང་གི་ནཱ་ཛི་ཆགས་གྲབས་བྱས་པ་རེད་ཅེས་བཤད། གློག་བརྙན་ནང་བཙན་རྒྱལ་ཨང་གསུམ་པའི་སྐོར་བཏོན་ཡོད། ནཱ་ཛིའི་གདུག་རྩུབ་དེ་དག་གིས་སློབ་མ་རྣམས་ཀྱི་ཉིན་འགའི་སྔོན་གྱི་སོ་སོའི་བྱ་བྱེད་ལ་ཕྱི་རྟོགས་བྱས།

རཱོམ་གྱིས་ཧོན་འཐོར་བཞིན་ཅི་བྱ་གཏོལ་མེད་ཀྱི་སློབ་མའི་ངོ་གདོང་རེ་རེ་བཞིན་མཐོང་ཡོད་པ་རེད། ཕྱི་ཉིན། སུ་གཅིག་གིས་ཀྱང་ཚོད་ལྟའི་ལས་འགུལ་དེ་བརྩམས་བསམ་མཁན་མེད། དེའང་སྐབས་དེའི་དུས་ཀྱི་འཇར་མན་མི་དམངས་དང་མཚུངས་པ། སུ་གཅིག་གིས་ཀྱང་དེར་ཡིད་ཆེས་དང་། ཡང་ན་སྒེར་ནི་ནཱ་ཛིར་ངན་རོགས་བྱེད་མཁན་ལ་ངོ་རྒོལ་བྱུང་ཚུལ་སྐོར་གླེང་འདོད་དང་། དེའང་དེ་དག་གི་ཆ་ཤས་སུ་གྱུར་བར་ངོས་ལེན་བྱེད་འདོད་མེད་མཁན་ཤ་སྟག་ཏུ་གྱུར་ཡོད་པ་རེད།

སློབ་མ་དེ་དག་གི་ནང་དུ་དེ་སྔོན་དྲག་པོའི་ནུས་ཤུགས་ལ་ངོ་རྒོལ་དང་མི་རིགས་དབྱེ་འབྱེད་དང་མཐོང་ཆུང་བྱས་པའི་གཟིག་ནག་པོའི་སྤྱི་ཚོགས་ལས་འགུལ་ཞེས་པར་ཞུགས་མྱོང་མཁན་ཡོད། ཁོ་ཚོས་སོ་སོས་འདི་ལྟ་བུ་ལས་སླ་པོའི་སྒོ་ནས་རང་དབང་བློས་བཏང་བྱས་པར་དོགས་པ་དང་འགྱོད་གདུང་སྐྱེ་བཞིན་ཡོད།

མཐར་ང་ཚོས་དགེ་རྒན་རཱོམ་གྱི་ལས་འཆར་དེའི་སྐོར་བཅར་འདྲི་ཐེངས་ཤིག་སྐབས་བཤད་པའི་སྐད་ཆ་དེ་དག་ལ་བསམ་བློ་གཏིང་ཟབ་པོ་གཏོང་དགོས་པ་ཞིག་ཆག་འདུག

དེ་ནི། འགྲོ་བ་མིའི་རིགས་ལ་རྒྱུན་དུ་ནས་ཁེར་རྐྱང་གི་མྱོང་ཚོར་དང་། དྲོ་སྐྱིད་དང་མཉམ་འདུས་མཐུན་མོང་གི་ཐུགས་འཁུར་ཞིག་དཀོན་པོ་ཡིན་པར་ཚོར་གྱི་ཡོད་པ་རེད། འདི་ནི་ཚོད་ལྟའི་ལས་འགུལ་དེ་ལམ་ལྷོང་བྱུང་བའི་རྒྱུ་རྐྱེན་ཡིན། ས་གནས་གང་འདྲ་ཞིག་ལ་གནས་ཀྱང་། མི་རྣམས་ཀྱིས་མཐར་འབྱུང་ཁུངས་ཤིག་འཚོལ་བཞིན་ཡོད། དེར་བརྟེན། དེང་དུས་ལ་ཚོད་ལྟ་དེ་འདྲ་ཞིག་བྱས་ནའང་གཅིག་མཚུངས་ཀྱི་གྲུབ་འབྲས་དེ་འདྲ་ཞིག་ཐོན་སྲིད་པ་རེད་ཅེས་པ་དེ་ཡིན།

མ་རྩོམ་གྱི་འབྲེལ་ཐག   http://www.ettoday.net/dalemon/post/23846