རང་དབང་རང་བཙན་གྱི་མེ་རོ་གསོད་མཁན།
(ཚན་པ་དང་པོ)
བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བྱས་རྗེས་གླེང་བ།
རྩོམ་པ་པོ། འཇམ་དབྱངས་ནོར་བུ།
ཡིག་སྒྱུར་བ། སུམ་པ་ཕུན་ཚོགས།
དུས་རབས་དགུ་པའི་ནང་བོད་བཙན་པོའི་མངའ་ཐང་འཐོར་ཞིག་ཏུ་སོང་རྗེས། ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། ཟ་ཧོར་གྱི་ཇོ་བོ་རྗེ་ཨ་ཏི་ཤ་ལ་སོགས་པའི་ལོ་པཎ་རྣམས་ཀྱིས་བོད་ལ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་ཡོང་ཆེད། སྐུ་ངལ་འཛེམས་མེད་བསྐྱོན་པའི་མཛད་པ་ལ། བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས“བསྟན་པའི་མེ་རོ་གསོས་པ”ཞེས་དཔེ་རྒྱན་གྱི་ལམ་ནས་འགྲེལ་བརྗོད་མཛད་ཡོད་ལ། ལོ་འགའི་སྔོན་ལ་ཕྲན་གྱིས་ཀྱང་དཔེ་རྒྱན་དེར་འགྱུར་བ་ཅུང་ཙམ་བཏང་ནས་སྙིང་སྟོབས་ཅན་གྱི་བོད་མི་མང་པོ་ཞིག་གིས་སྐུ་ལུས་མེར་བསྲེགས་བཏང་བའི་བློས་གཏོང་ལ“རང་བཙན་གྱི་མེ་རོ་སྦར་མཁན”ཞེས་འགྲེལ་བརྗོད་བྱས་ཡོད།
ད་རེས་སླར་ཡང་དཔེ་རྒྱན་དེར་འགྱུར་བ་ཅུང་ཙམ་བཏང་སྟེ་རྩོམ་འདིའི་ཁ་བྱང་ལ་བཀོད་ནས། བོད་ཀྱི་ཆབ་སྲིད་དབུ་ཁྲིད་གལ་ཆེན་ཞིག་གིས་མ་སྐུལ་དང་བླངས་དང་བསམ་བཞིན་དུ་བོད་ཀྱི་རང་དབང་འཐབ་རྩོད་ལ་ཇི་ལྟར་ཉམ་ཉེས་བཏང་བ་མ་ཟད། དེར་སྐྱོ་ལ་འཇིགས་སུ་རུང་བའི་ལམ་ལྷོངས་ཀྱང་ཆེན་པོ་ཞིག་བྱུང་བ་གསལ་འདོན་བྱས་ནས་གླེང་ཡོད་པས། ཀློག་པ་པོ་རྣམས་ཀྱིས་གུས་པར་བཟོད་གསོལ་གནང་རོགས་ཞུ།

གུས་པས་ཟམ་གདོང་རིན་པོ་ཆེ་ཐོག་མར་མཇལ་སྐབས། ཁོང་རྡོར་གླིང་བཙན་བྱོལ་བོད་མིའི་སློབ་གྲྭའི་རོལ་ཆའི་རུ་ཁག་གི་མདུན་དུ་འཁར་རྒྱུག་ཅིག་ལག་ལ་ཐོགས་ནས་འགྲོ་བཞིན་འདུག (འཁར་རྒྱུག་དེ་ནི་རྒྱ་གར་དང་དབྱིན་ཇིའི་དམག་དཔོན་དག་གིས་དཔོན་ཉམས་ངོམ་བྱེད་དེའི་རིགས་རེད།) ཁོང་ནི་དེ་དུས་ལོ་ན་གཞོན་པའི་བླ་མ་ཞིག་ཡིན་པ་དང་སློབ་གྲྭ་དེའི་ཆོས་དགེ་ཡིན་པ་མ་ཟད། སློབ་ཕྲུག་རྣམས་ལ་ལས་ཀ་ལྕི་མོ་བྱེད་དུ་འཇུག་མཁན་དང་། རྟ་ལྕག་གིས་རྡུང་རྡེག་དྲག་པོ་གཏོང་རྒྱུར་དགའ་པོ་ཡོད་པའི་མཚན་སྙན་འདུག འོན་ཀྱང་དེའི་སྐབས་སུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཕལ་མོ་ཆེའི་ནང་དུ་རྟ་ལྕག་གཞུ་བ་ལ་སོགས་པའི་རྡུང་རྡེག་ནི་སྤྱི་སྲོལ་ལྟ་བུར་གྱུར་ཡོད། དེ་ལྟ་ན་ཡང་། ཟམ་གདོང་རིན་པོ་ཆེར་ཐུན་མོང་མིན་པའི་རྡུང་རྡེག་གི་ཐབས་ལམ་ཞིག་ཡོད་པ་ནི། འཇིགས་སུ་རུང་བའི་འབྲས་སྤུངས་དགོན་པའི་ཚོགས་ཆེན་ཞལ་ངོར་ལད་ཟློས་བྱས་ཏེ། དེ་ཡང་དངོས་སུ་རྡུང་རྡེག་མ་བཏང་བའི་སྔོན་ལ་ཚོགས་གཏམ་ཡག་ཐག་ཆོད་ཅིག་གཏོང་གི་ཡོད་པས། ཟམ་གདོང་རིན་པོ་ཆེས་འབྲས་སྤུངས་དགོན་པའི་དགེ་སྐོས་ཀྱི་དྲག་པོའི་ཚོགས་གཏམ་ལ་ལད་ཟློས་བྱེད་ཚུལ་དེ་ནི། སྐབས་དེའི་བོད་ཀྱི་ལས་སྣེ་བ་དང་བླ་མ་རྒན་པ་དག་གིས་དགའ་མགུ་དང་ཡིད་མོས་འཆོར་ས་ཞིག་ཀྱང་རེད།

སྤྱི་ལོ་༡༩༧༠ ལོའི་ཟླ་བ་བཅུ་པའི་བོད་ཀྱི་གཞོན་ནུའི་ཚོགས་ཆེན་ཐེངས་དང་པོ།
དེ་ནས་ལོ་བཅུ་ཙམ་གྱི་རྗེས་ཏེ། སྤྱི་ལོ་༡༩༧༠ ཟླ་བ་༡༠ ཚེས་༧ ལ་རྡ་རམ་ས་ལ་བོད་ཀྱི་གཞོན་ནུའི་ཚོགས་ཆེན་ཐེངས་དང་པོ་དེ་འཚོགས་སྐབས་ཕྲན་དང་ཟམ་གདོང་རིན་པོ་ཆེ་ཐུག་འཕྲད་བྱུང་། ཚོགས་ཆེན་དེ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཆེས་གལ་འགངས་ཆེ་བའི་བྱུང་བ་དུ་མའི་གྲས་ཀྱི་གཅིག་ཡིན་པ་དང་། ཚོགས་ཆེན་འདིའི་སྟེང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་རེད། སྤྱིར་རྩོམ་འདི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་རྒྱུས་རྒྱས་གླེང་བྱེད་ས་ཞིག་མིན་ཡང་། འདིར་བརྗོད་དགོས་པ་ཞིག་ལ། བཙན་བྱོལ་སྤྱི་ཚོགས་ཁྲོད་དང་བོད་གཞུང་ནང་ཁུལ་དུ་དབང་ཆའི་འཐབ་རྩོད་རྣོ་ངར་ཅན་རབས་དང་རིམ་པ་བྱུང་བའི་རྗེས་སུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཞེས་པ་འདི་བྱུང་ཡོད་པ་ཤེས་དགོས། འདིའི་སྐོར་རྒྱས་པ་ཞིག་ཕྲན་གྱི་དྲ་ཚིགས་ཐོག་ལ་བཀོད་ཡོད།
དེ་ཡང་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་མུན་ནག་གི་དུས་མཚམས་དེ་ལ་ཕྱི་གསལ་ནང་གསལ་དང་། བསམ་བློའི་རང་དབང་། དམངས་གཙོ་བཅས་ཀྱི་ལམ་ལུགས་ཡང་དག་པར་ལྡན་པའི་བོད་ཀྱི་གཞོན་སྐྱེས་ཀྱི་ཚོགས་པ་ཞིག་དབུ་བརྙེས་པ་ནི། བཙན་བྱོལ་སྤྱི་ཚོགས་ནང་དགའ་སྤྲོ་སྐྱེ་འོས་པ་ཞིག་དང་བཀྲ་ཤིས་པའི་དོན་བཟང་ཞིག་རེད། བྱས་རྗེས་དེ་འཇོག་མཁན་ནི་དབུ་འཛུགས་གནང་མཁན་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་དང་། འདས་པོ་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱལ་ལགས། འདས་པོ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཅས་རེད།
སྐབས་དེར་རྡ་རམ་ས་ལར་ཚོགས་མི་སུམ་ཅུ་ཡས་མས་ཀྱིས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཤིང་། ཉིན་གསུམ་གྱི་ཚོགས་ཆེན་རིང་དགོང་དྲོའི་སྤྲོ་གསེང་གི་ལས་རིམ་བཀོད་སྒྲིག་བྱས་པར་མ་ཟད་། ཕྲན་ཚོགས་ཆུང་དེའི་འགོ་ཁྲིད་ལ་བསྐོས་བྱུང་། དགོང་དྲོའི་སྤྲོ་གསེང་གི་ལས་རིམ་གཅིག་ནི་གུས་པ་རང་གིས་བརྩམས་པའི་“རྒྱ་ནག་པོའི་རྟ་”ཞེས་པའི་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་འཁྲབ་ཚན་གཉིས་ཅན་གྱི་གཏམ་རྒྱུད་ཟློས་གར་ཞིག་ཐོག་མར་གཟིགས་འབུལ་ཞུས།

ཀློག་པ་པོ་རྣམས་ཀྱིས་ཤེས་དགོས་པ་ཞིག་ལ། སྐབས་དེ་དུས་ད་ལྟའི་གནས་བབ་ལྟར་རྒྱལ་སྤྱིའི་རོགས་རམ་དང་། ཚོགས་པ་དང་མི་སྒེར་གྱི་རོགས་རམ་མེད་པས། བཙན་བྱོལ་སྤྱི་ཚོགས་ཇི་ཙམ་དབུལ་ཕོངས་ཡིན་པའི་གནས་བབ་བཅས་ལ་ལྟོས་ནས་བཤད་ན། ཚོགས་ཆེན་དེ་ཧ་ཅང་ཚགས་ཚུད་པོ་དང་གྲ་འགྲིག་པོ་བྱུང་ཡོད་ཅེས་བཤད་འདོད་པ་ལས་དེའི་སྐོར་རྒྱས་བཤད་མི་བྱ། ཐ་ན་ཚོགས་ཆེན་སྐབས་སུ་ཚོགས་བཅར་བ་རྣམས་ཀྱི་གྱོན་གོས་འཁྲུད་མཁན་དང་། འགྲིམ་འགྲུལ་དོ་དམ་བྱེད་མཁན། དེ་བཞིན་དེབ་ཁང་ཞིག་ཀྱང་བཟོས་པ་རེད། གོ་སྒྲིག་འདིའི་རིགས་སྔར་བྱུང་མྱོང་མེད་པ་ཤ་སྟག་ཡིན་པ་དང་། ཚོགས་ཆེན་སྐབས་ཀྱི་བགྲོ་གླེང་དང་བཀའ་མོལ་ཡོད་ཚད་༸གོང་ས་མཆོག་གིས་གཡར་གནང་མཛད་པའི་སྒྲ་སྡུད་འཁོར་ལོའི་ནང་དུ་སྒྲ་འཇུག་བྱས་པ་ཡིན།
༸གོང་ས་མཆོག་ཚོགས་ཆེན་ལ་ཧ་ཅང་མཉེས་པོ་བྱུང་བ་མ་ཟད། ཚོགས་ཆེན་གྱི་འགྲོ་སོང་ཆ་ཚང་ཁོང་གིས་གནང་བ་རེད། ཉིན་དང་པོའི་ཞོགས་པར་༸གོང་ས་མཆོག་དབུ་འབྱེད་གསུང་བཤད་གནང་བར་གདན་འདྲེན་ཞུས་པ་དང་། དེ་ནས་ཁོང་གིས་དང་བླངས་ངང་མཇུག་བསྡུའི་ཚོགས་འདུ་ལ་བཅར་རྒྱུ་ཡིན་སྐོར་གསུངས་བྱུང་། དེ་ཡང་སྔར་བྱུང་མྱོང་མེད་པ་ཞིག་ཡིན་ལ། ཁོང་གིས་དབུ་འབྱེད་གསུང་བཤད་གནང་གྲུབ་རྗེས་ཚོགས་བཅར་བ་རྣམས་ལ་དྲི་བ་ཡོད་ཚེ་ཅིས་ཀྱང་དྲིས་ལན་གནང་རྒྱུ་ཡིན་ཞེས་གསུངས་བྱུང་བས། འདི་ལྟ་བུའི་བྱུང་བ་ནི་ཕལ་ཆེར་བོད་ཀྱི་ལོ་རྒྱུས་ཁྲོད་ཐེངས་དང་པོར་བྱུང་བ་ཡིན་སྲིད། གཞན་ཡང་བཀའ་ཤག་བཀའ་བློན་ལྷན་རྒྱས་གདན་འདྲེན་ཞུས་ཡོད་པས། དེ་ནས་བཀའ་བློན་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་དང་། ཛ་སག་ཕྲེང་རིང་འཇིགས་མེད། དབང་འདུས་རྡོ་རྗེ་སོགས་ཀྱིས་རིམ་པས་གསུང་བཤད་ལྷུག་པོ་གནང་རྗེས་དྲི་བ་དྲིས་ལན་ཡང་གནང་བ་དང་། དེ་རྗེས་རྒྱལ་ལོ་དོན་གྲུབ་ཀྱིས་གསུང་བཤད་གནང་། (དེ་དུས་རྒྱལ་ལོ་དོན་གྲུབ་བཀའ་ཤག་ནང་དུ་མེད་ཀྱང་བོད་ཀྱི་བདེ་སྲུང་དང་གསང་བའི་ལས་དོན་ཁོང་གིས་བྱེད་ཀྱི་ཡོད)།

རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་དང་སློབ་གྲྭ་ཁག་ནས་བོད་མི་གཞོན་སྐྱེས་ཕོ་མོ་བཞི་བརྒྱ་ལྔ་བརྒྱ་ཡས་མས་ཚོགས་འདུར་མཉམ་ཞུགས་བྱས་པས། རེ་བ་དང་དགའ་སྤྲོའི་རྣམ་པ་གཟུགས་སུ་མངོན་པ་ལྟ་བུར་སྣང་། ཚོགས་ཆེན་གྱི་ཉིན་གཉིས་པར་ཚོགས་བཅར་ཐུན་མོང་ནས་གཏན་འཇགས་ཚོགས་པ་ཞིག་འཛུགས་དགོས་པའི་ཐག་གཅོད་བྱུང་བ་དང་། དབུས་རྒྱུན་ལས་ཀྱི་ཚོགས་མི་བརྒྱད་གདམ་རྒྱུ་བྱས། དེ་ཡང་ཚོགས་ཆེན་གོ་སྒྲིག་གནང་མཁན་བཞིའི་ཐོག་༸གོང་ས་མཆོག་གི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་དང་། དེ་བཞིན་ཟམ་གདོང་རིན་པོ་ཆེ་(སྐབས་དེའི་ཝར་ཎ་བོད་ཀྱི་མཐོ་སློབ་ཀྱི་སློབ་སྤྱི་)བཅས་དབུས་རྒྱུན་ལས་སུ་མང་མོས་ཀྱིས་འོས་གཞིར་བདམས་ཤིང་། གུས་པ་དང་ཚོགས་བཅར་བ་གཞན་འགའ་ཞིག་ཀྱང་ས་མིག་སྟོང་པ་གཉིས་ཙམ་ལུས་ཡོད་པ་དེའི་འོས་མིར་བདམས་ཐོན་བྱུང་སོང་། ཚོགས་ཆེན་གྱི་ཉིན་མཐའ་མར་འོས་ཤོག་བླུགས་ནས་དབུས་རྒྱུན་ལས་ཀྱི་ཚོགས་མི་བརྒྱད་གདམ་རྒྱུར་གཏན་ཁེལ་བྱས་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཡང་ཉིན་མཐའ་མ་དེར་འོས་ཤོག་བླུགས་ནས་གདམ་རྒྱུར་ཐག་གཅོད་བྱས།
རང་ཉིད་དབུས་རྒྱུན་ལས་ཀྱི་འོས་མིར་བདམས་ཐོན་བྱུང་བར་དགའ་སྤྲོ་བརྟས་ཤིང་། མ་འོངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མདུན་ལམ་ལ་ཕུགས་བསམ་གཅིག་པ་འཆང་མཁན་གྱི་ཚོགས་བཅར་བ་རྣམས་ལ་ཐུག་འཕྲད་བྱས་ནས་ཁ་བརྡ་བྱས་པའི་ཁྲོད། རྡོ་རྗེ་གླིང་གི་སློབ་ཕྲུག་ཅིག་གིས་ཕྲན་ལ་བརྗོད་པ་ལྟར། ཟམ་གདོང་རིན་པོ་ཆེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ལ་བདམས་ཐོན་ཡོང་སླད། ཉིན་གཅིག་གི་སྔོན་ལ་ཀེེ་ལ་ཤའི་མགྲོན་ཁང་ནང་དུ་གསོལ་ཇ་བཏུང་ནས་འདུ་འཛོམས་ཤིག་བྱས་ཏེ། འོས་བསྡུའི་ཉིན་གྱི་སྔ་ནུབ་ལ་གོ་སྒྲིག་དང་ལྡན་པའི་ཐོག་ནས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་འོས་བསྡུའི་ལས་འགུལ་སྤེལ་བཞིན་པ་ཤེས་རྟོགས་བྱུང་། དེ་ཡང་ཌ་ལ་ཧོ་སེའི་གཏན་སློབ་(སློབ་གྲྭ་འདིར་ཟམ་གདོང་རིན་པོ་ཆེ་སློབ་སྤྱི་བྱེད་མྱོང་)དང་། རྡོར་གླིང་གཏན་སློབ། སིམ་ལ་གཏན་སློབ་(སློབ་གྲྭ་འདིར་ཟམ་གདོང་རིན་པོ་ཆོས་དགེ་བྱེད་མྱོང་)སོགས་ཀྱི་སློབ་མ་རྣམས་འདུ་འཛོམས་དེར་བཅར་བ་དང་། རང་ཉིད་ཀྱི་དགེ་བའི་བཤེས་གཉེན་ཟུར་པ་ཁོང་མཇལ་དུ་ཡོང་དགོས་མདོག་གིས་སྐུལ་མ་བཏང་བར་མངོན། དེ་བཞིན་ཝར་ཎ་བོད་ཀྱི་མཐོ་སློབ་ཀྱི་སློབ་མ་ཁག་ཅིག་ཀྱང་དེར་འཛོམས་ཡོད་འདུག ཀེེ་ལ་ཤའི་མགྲོན་ཁང་དུ་འཛོམས་མཁན་ཆ་ཚང་ལ་གསལ་པོར་བརྗོད་འདུག་པ་གཅིག་ནི། ཚང་མས་ཚོགས་བཅར་བའི་ཁྲོད་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་ཤིང་འཚམས་ཤོས་དེ་ཟམ་གདོང་རིན་པོ་ཆེ་ཡིན་པའི་གནས་ཚུལ་སྤེལ་དགོས་པ་དེ་རེད། འོས་བསྡུའི་ལས་འགུལ་འདི་སྤེལ་མཁན་གྱི་འགན་འཛིན་ནི་དགེ་ལེགས་རིན་པོ་ཆེའམ་ཉག་རེ་མཁན་སྤྲུལ་ཡིན་པ་དང་། ཁོང་ནི་བོད་ནང་གི་སེ་ར་དགོན་པར་བཞུགས་སྐབས་ཟམ་གདོང་རིན་པོ་ཆེའི་ངོ་ཤེས་སྤྲུལ་སྐུ་ཞིག་རེད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབང་ཆ་སྤྲུལ་སྐུས་བཙན་ལེན་བྱེད་བཞིན་པའི་བྱ་སྤྱོད་འདི་ལ་ཁོ་བོ་ཧང་སང་པར་མ་ཟད་། ཁོང་ཁྲོའང་ལངས་བྱུང་། སྤྱིར་ན་ཟམ་གདོང་རིན་པོ་ཆེ་དང་ཨ་མ་རྗེ་བཙུན་པདྨ་གཉིས་ཚོགས་གཙོའི་འོས་མིར་བདམས་ཐོན་བྱུང་ཡོད་པ་ཚང་མས་ཤེས་གསལ་ཡིན་པ་དང་། དེ་ལ་དགག་བྱ་བྱེད་མཁན་གཅིག་ཀྱང་མེད། འོན་ཀྱང་། ལྐོག་ལྐོག་སུད་སུད་ཀྱི་བྱ་སྤྱོད་འདི་ནི། གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་འབད་པས་སྒྲུབ་བཞིན་པའི་དམངས་གཙོ་དང་། གུ་ཡངས། ཕྱི་གསལ་ནང་གསལ་གྱི་ལམ་ལུགས་དང་རྒྱབ་འགལ་ཡིན། དེ་ཙམ་དུ་མ་ཟད་དགེ་ལེགས་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱིས་ཚོགས་ཆེན་གོ་སྒྲིག་ཐད་ལ་ལམ་སྟོན་དང་འགྲོ་སོང་། སྐུ་ལས་ཏིལ་འབྲུ་ཙམ་ཡང་བསྐྱོན་མེད་པས་ལྷག་ཏུ་ཚིག་པ་ཟ་དགོས་པ་ཞིག་ཀྱང་རེད། གཞན་ཡང་ཚེས་༧ ཉིན་བོད་ཀྱི་ཟློས་གར་ཁང་དུ་༸གོང་ས་མཆོག་ཕེབས་འབྱོར་བྱུང་སྐབས་ཁོང་ལ་མེ་ཏོག་ཆེན་པོ་གཅིག་དང་ཁ་བཏགས་འབུལ་མཁན་དུ་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་ཆེད་དུ་ལྷ་ས་ནས་ཡིན་པའི་ཁ་ཆེའི་སློབ་མ་ལོ་ཆུང་རྣམ་རྒྱལ་ལགས་དང་། ཡེ་ཤུའི་བཙུན་དགོན་ཞིག་ནས་ཡིན་པའི་བོད་ཀྱི་བུ་མོ་ཞིག་བདམས་ཡོད།
མཚན་མོ་དེ་རང་ལ་ངས་བློས་ཐོབ་གྲོགས་པོ་ཚོགས་ཆེན་གོ་སྒྲིག་གནང་མཁན་ཁོང་བཞི་ངེས་པར་དུ་བོད་ཀྱི་ཟློས་གར་ཁང་ལ་ཡོད་པའི་གུས་པའི་ཁང་ཆུང་ནང་འཕྲལ་དུ་འཛོམས་དགོས་པའི་འབོད་སྐུལ་བྱས་ཤིང་། ངས་བཤད་པའི་གནས་ཚུལ་རྣམས་ཐོས་རྗེས་ཁོ་ཚོ་ཡང་ཧང་སང་སོང་། ཁོ་ཚོ་བཞི་ཕྱི་ཉིན་ཉིན་གུང་རྒྱལ་བ་རིན་པོ་ཆེ་ཕེབས་ཀྱི་ཡོད་པས་དེར་གྲ་སྒྲིག་དང་། ཚོགས་ཆེན་གྱི་མཐའ་མའི་གྲོས་གཞི་ལ་བསམ་མནོ་གཏོང་དགོས་པ་དང་། དེ་མིན་ལས་ཀ་ཙག་ཙིག་གི་ལས་བྲེལ་དབང་གིས་ལྐོག་ཏུ་གནས་ཚུལ་གང་ཞིག་བྱུང་དང་འབྱུང་བཞིན་པར་ཤེས་རྟོགས་ཅི་ཡང་བྱུང་མི་འདུག དེར་བརྟེན་ང་ཚོ་ཚང་མས་དེ་མ་ཐག་ཏུ་ཚོགས་གཙོའི་འོས་ཤོག་དེ་འོས་མི་གཅིག་རང་ལ་འཕེན་རྒྱུ་ཐག་གཅོད་བྱེད་དགོས་བྱུང་། དེ་བཞིན་ང་ཚོའི་གྲོགས་པོ་དང་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་ང་ཚོས་ཐག་ཆོད་ཟིན་པའི་འོས་མི་བསྟན་འཛིན་དགེ་བྱེད་ལགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་བཏང་ནས། མཚན་དེར་རྐང་ཐང་དུ་ཡར་མར་མང་པོ་འགྲོ་དགོས་བྱུང་བས། མཚན་མོའི་གཉིད་ཀྱང་ཆག་སོང་།
ཕྱི་ཉིན་འོས་བསྡུའི་ཉིན་དེར་ང་ཚོར་རྒྱལ་ཁ་ཐོབ་ཙམ་བྱུང་ཡང་ཟང་ཟིང་ཆེན་པོ་བྱུང་། བར་མཚམས་ཤིག་ནས་ཨ་མ་རྗེ་བཙུན་པདྨས་ཁོང་ཚོགས་གཙོའི་འོས་མི་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བརྗོད། དེ་ནི་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ལ་རྒྱལ་ཁ་ཐོབ་པའི་གོ་སྐབས་ཆེ་རུ་གཏོང་ཆེད་ཡིན་པ་དང་། དགེ་ལེགས་རིན་པོ་ཆེས་ཁོང་མོས་མི་དམངས་ཀྱི་སེམས་ཤུགས་བཅག་སོང་ཞེས་དེ་ལ་བཀའ་བཀྱོན་དྲག་པོ་བཏང་བས། ང་དང་དགེ་ལེགས་རིན་པོ་ཆེའི་དབར་ལ་ཁ་རྩོད་ཀྱང་དྲག་པོ་ཤོར། འོན་ཀྱང་། ང་ཚོའི་ཚོགས་པའི་ཆབ་སྲིད་ལམ་སྟོན་པ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གུས་པར་ཁ་རྩོད་མ་བྱེད་ཅེས་བཀག་འགོག་གནང་བ་དང་། ཁོང་གིས་འོས་གྲངས་ཇི་ཙམ་ཐོབ་མིན་ཐད་རགས་རྩིས་ཤིག་གནང་གྲུབ་ཡོད་པས། སྐྱོན་ཡོང་དོགས་མེད་ཅེས་གསུངས་བྱུང་། གང་ལྟར་གནས་ཚུལ་མདོར་བསྡུས་ནས་བཤད་ན། མཐར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ལ་ཚོགས་གཙོའི་འོས་བསྡུའི་རྒྱལ་ཁ་ཐོབ་ཙམ་བྱུང་།
དེ་ནས་ཟང་ཟིང་གི་གནས་ཚུལ་ལྷིང་འཇགས་བྱུང་རྗེས་ཟམ་གདོང་རིན་པོ་ཆེ་སྡིངས་ཆའི་སྒང་ལ་ཕེབས་ནས་འོས་བསྡུ་གྲུབ་རྗེས་ཀྱི་གཏམ་བཤད་གནང་། ཁོང་གིས་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་བཀྲ་ཤིས་པའི་ཚིག་འབྲུ་གཅིག་ཀྱང་གསུངས་མ་སོང་ལ། ཚོགས་ཆེན་གོ་སྒྲིག་གནང་མཁན་རྣམས་ལ་ལེགས་གསོའི་ཡི་རངས་བྱ་རྒྱུ་ཕར་ཞོག་ཐ་ན་གསར་དུ་བཙུགས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མ་འོངས་པའི་མདུན་ལམ་ཡག་པོ་ཡོང་བའི་སྨོན་ཚིག་གཅིག་ཙམ་ཡང་ཕུལ་མ་སོང་། གཞན་ཡང་མཚར་གཏམ་གྱི་ཚུལ་དུ་ཡིན་ནམ་སྙམ་པ་ཞིག་ལ། རིན་པོ་ཆེས་ཁོང་ལ་ཚོགས་གཙོ་གཞོན་པ་བྱ་རྒྱུའི་ལས་དབང་མ་གཏོགས་མེད་ཚོད་རེད་ཅེས་གསུངས་སོང་། དེ་སྔོན་ཞིག་ལ་ཁོང་མཱ་ཧ་ར་ཤི་ཏཱ་མངའ་སྡེའི་ཆོས་ལུགས་དང་འབྲེལ་བའི་ཚོགས་འདུ་ཞིག་ལ་བཅར་སྐབས། དེའི་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་ཞེས་བརྗོད་སོང་། དེ་ནས་ཁོང་གི་སློབ་ཕྲུག་ཟུར་པ་ཚོགས་ཞུགས་པ་རྣམས་ལ་འཚམས་འདྲི་ཞུས་ནས། མ་འོངས་པར་ཁོང་ཅག་ལ་དཀའ་ངལ་གང་འཕྲད་ཀྱང་ཁོང་གི་བཞུགས་གནས་སཱ་ར་ནཱ་ཐར་ཁོང་ལ་འབྲེལ་བ་གྱིས་དང་། ཁོང་གིས་གང་ཡོང་ཅི་ཡོང་གིས་རོགས་རམ་བྱེད་འདོད་ཡོད་ཅེས་གཏམ་བཤད་ཀྱི་མཇུག་བསྡུས། ཁོང་ལྟ་བུའི་འུ་ཅག་གི་ཆོས་ལུགས་མི་སྣ་དབང་ཆེན་ཞིག་དང་སྤྱི་ཚོགས་ཀྱི་ཤེས་ཡོན་མི་སྣ་འགངས་ཆེན་ཞིག་གི་རྩིང་སྤྱོད་དང་གུས་ལུགས་ཅི་ཡང་མེད་པའི་གཏམ་བཤད་སྤེལ་སྟངས་དེ་ལ་ཚོགས་བཅར་བ་ཐམས་ཅད་ཧང་སང་བར་གྱུར་པ་རེད།
དེ་ནས་ཟམ་གདོང་རིན་པོ་ཆེ་[གཞོན་ནུ་ལྷན་ཚོགས་ཀྱི་]ཚོགས་གཙོ་གཞོན་པའི་མིང་ཁུར་ཏེ་རྡ་རམ་ས་ནས་ཐོན་རྗེས། ཕྱིས་བྱུང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་འདུ་གཅིག་ལ་ཡང་མཉམ་ཞུགས་བྱས་མེད་པ་དང་། གཞོན་ནུ་ལྷན་ཚོགས་དང་འབྲེལ་བ་གནང་རྒྱུའི་འབད་པ་ཡང་གནང་མེད། དེ་ཙམ་དུ་མ་ཟད། ཕྱིས་སུ་གཞོན་ནུ་ལྷན་ཚོགས་ཀྱི་ཡན་ལག་ཚོགས་ཆུང་བཙན་བྱོལ་སྤྱི་ཚོགས་གང་སར་གསར་འཛུགས་གནང་སྐབས། ཟམ་གདོང་རིན་པོ་ཆེས་ཝར་ཎ་བོད་ཀྱི་མཐོ་སློབ་ཏུ་དེའི་ཡན་ལག་འཛུགས་མི་ཆོག་ཅེས་བཀའ་གསལ་གསལ་རྗེན་རྗེན་དུ་ཕེབས་པར་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་རྒྱལ་ལོ་དོན་གྲུབ་ཀྱི་“རྒྱུག་ཁྱི་ཚོགས་པ་”ཞིག་རེད་ཅེས་སློབ་ཕྲུག་རྣམས་ལ་གསུངས་འདུག།
བོད་རང་དབང་བདེན་པའི་ལས་འགུལ།
འོན་ཀྱང་། ཟམ་གདོང་རིན་པོ་ཆེས་རྡ་རམ་ས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བཟུང་བའི་སྙིང་ནད་དེ་ད་དུང་སངས་མེད་པས། ལོ་གཅིག་དང་ཕྱེད་ཀྱི་རྗེས་ཏེ། སྤྱི་ལོ་༡༩༧༢ ལོར་ཟམ་གདོང་རིན་པོ་ཆེས་“བོད་རང་དབང་བདེན་པོའི་ལས་འགུལ་”ཞེས་པའི་ལས་འགུལ་ཞིག་སྤེལ་ནས་བཙན་བྱོལ་གྱི་ཆབ་སྲིད་གར་སྟེགས་ཐོག་ཏུ་གདོང་མཆོང་བྱས་ཡོད། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཟེར་བ་ནི་དམངས་གཙོའི་ཚོགས་ཆུང་ཞིག་མིན་པར། དེ་ནི་གོང་ནས་འོག་ཏུ་བཀའ་བསྒོ་བའི་ཚོགས་པ་ཞིག་དང་། ཚོགས་ཆུང་གི་ཚོགས་གཙོ་ནི་སོ་སོས་སོ་སོ་བསྐོས་པའི་ཟམ་གདོང་རིན་པོ་ཆེ་ཡིན་པ་ཨ་ཅང་བརྗོད་མེད་རེད། ཁོང་གི་ཞབས་ན་ཝར་ཎ་མཐོ་སློབ་ནས་ཡིན་པའི་གྲྭ་པ་བཅུ་གྲངས་ཤིག་ཡོད་པ་དང་། ཁོང་ཚོ་ནི་རྒྱ་ནག་གུང་ཁྲན་ཏང་གི་རྐང་འཛིན་ལས་བྱེད་པ་དང་འདྲ་བོ་ཡོད། དེ་ཡང་ཁོ་ཚོ་གུང་ཁྲན་ཏང་གི་རྐང་འཛིན་ལས་བྱེད་པ་དང་འདྲ་བོ་ཡོད་ཅེས་རང་དགར་བརྗོད་པ་ཞིག་མིན། སྐད་ཆ་ཕྱོགས་ལྷུང་ཅི་ཡང་མེད་པའི་སྒོ་ནས་བཤད་ན། ལས་འགུལ་ཚོགས་ཆུང་འདི་ནི་མི་གཅིག་དབང་སྒྱུར་ལམ་ལུགས་ཀྱི་ཚོགས་པ་ཞིག་ཡིན་པ་སྨོས་མེད་ཡིན།

རིན་པོ་ཆེ་དང་ཁོང་གི་རྐང་འཛིན་སེར་མོ་བའི་ལས་བྱེད་རྣམས་རྒྱ་བལ་འབྲུག་གསུམ་ན་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་དང་ཚོགས་སྡེ་ཁག་ལ་འགྲུལ་བཞུད་བྱས་ཏེ། ས་གནས་གང་སར་ཚོགས་འདུ་བསྐོང་བ་དང་། ཡན་ལག་ཚོགས་ཆུང་གསར་འཛུགས་དང་ཚོགས་མི་གསར་འཇུག་བྱས་པ་དང་། དེ་དང་དུས་མཚུངས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐད་ལ་སྐྱོན་བརྗོད་ཟམ་མ་ཆད་པར་བྱས་ཡོད། འོན་ཀྱང་ཟམ་གདོང་རིན་པོ་ཆེའི་ཆབ་སྲིད་ཀྱི་འབོད་ཚིག་གཙོ་བོ་ནི། བཙན་བྱོལ་བོད་གཞུང་གིས་རྒྱ་གར་དང་ཕྱིའི་རྒྱལ་ཁབ་ཁག་ལ་བོད་ཀྱི་རང་དབང་འཐབ་རྩོད་གོང་འཕེལ་གཏོང་ཐུབ་མེད་པ་དང་། ད་ནི་བོད་གཞུང་གི་གལ་ཆེའི་ལས་དོན་འདི་བསྒྲུབ་པར་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་ཚོགས་པ་གསར་པ་ཞིག་དགོས་འདུག་ཅེས་པ་དེ་རེད།
རིན་པོ་ཆེའི་འབོད་ཚིག་ལས་བོད་མི་ཕལ་མོ་ཆེ་ལ་ཤུགས་རྐྱེན་གང་ལ་གང་འཚམ་ཞིག་ཐེབས་ཡོད་ཅིང་། གོང་དུ་གླེང་ཟིན་པ་ལྟར། འདིའི་སྐབས་སུ་བོད་གཞུང་ནང་ཁུལ་དུ་དབང་ཆའི་འཐབ་རྩོད་ཤུགས་ཆེན་པོ་ཡོད་པས། བོད་དོན་གླེང་བའི་ལམ་ཡང་འགག་ཡོད་པའི་གནས་སྐབས་ཤིག་ཡིན། སྤྱིར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་བྱུང་བས། མི་དམངས་ཀྱི་སེམས་ཤུགས་གོང་འཕེལ་སོང་ཡོད་ཀྱང་། བོད་མི་མི་ཉུང་བ་ཞིག་གི་མཐོང་སྣང་ལ་བོད་གཞུང་རང་ཉིད་ལ་འགྱུར་བ་གཏོང་དགོས་པའི་ཚོར་སྣང་བྱུང་ཡོད། དེ་བས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དང་། ལྷག་ཏུ་རྒྱལ་ལོ་དོན་གྲུབ་ལ་དགའ་པོ་མེད་མཁན་རྣམས་ཀྱི་ཁྲོད་ནས་“བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་”ལ་རྒྱབ་སྐྱོར་གནང་མཁན་མང་པོ་བྱུང་ཡོད། དེ་དག་ཁྲོད་ཀྱི་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་གཅིག་ནི། ཟམ་གདོང་རིན་པོ་ཆེས་གསར་འཇུག་གནང་བའི་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་བཞི་པའི་སྡེ་དགེ་དཔོན་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་རེད། འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ནི་ཁམས་པའི་ཁྲོད་ཤུགས་རྐྱེན་ཆེ་བ་མ་ཟད། སྟོབས་ཤུགས་དང་ལྡན་པའི་ངང་ནས་གཏམ་བཤད་བྱེད་ཐུབ་མཁན་ཞིག་ཀྱང་རེད། ཁོང་ཕྱིས་སུ་རྡ་རམ་ས་ལ་བཀའ་བློན་རྒན་གྲས་སུ་གྱུར།
དེ་རྗེས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་རྒྱ་བསྐྱེད་ཆེན་པོ་བྱུང་བ་མ་ཟད། སྟོབས་ཤུགས་ཀྱང་ཆེན་པོར་གྱུར་ནས་རྡ་རམ་ས་ལར་རྒྱལ་ཡོངས་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་པ་རེད། བཀའ་ཤག་ལ་དེའི་སྐོར་སྙན་སེང་ཞུས་ཡོད་ཀྱང་། བཀའ་ཤག་གི་བཀའ་བློན་དང་ལས་སྣེ་བ་རྒན་པ་རྣམས་དེར་གདན་འདྲེན་ཞུ་རྒྱུ་མིན་ཞེས་ཟམ་གདོང་རིན་པོ་ཆེས་གསལ་པོར་གསུངས་སྟབས། བཀའ་ཤག་ལ་སེམས་འཚབ་ཅུང་ཙམ་བྱུང་ཡོད་པས། གྲོས་ཚོགས་ཚོགས་མི་རྣམས་མཉམ་ཞུགས་བྱེད་ཆོག་པའི་འབོད་སྐུལ་ཞུས་པས་དེ་ལྟར་བྱེད་ཆོག་པའི་གནང་བ་ཐོབ་པ་མ་ཟད། གྲོས་ཚོགས་ཚོགས་གཙོ་ཉི་མ་བཟང་པོ་ཚོགས་ཆེན་དེའི་ལས་རིམ་གཙོ་སྐྱོང་གནང་མཁན་ལ་བསྐོས། དེ་བཞིན་བཀའ་ཤག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་རྣམས་ཚོགས་བཅར་བྱ་ཆོག་པའི་བཀའ་འདྲི་བྱས་པར། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གིས་དེ་ལྟར་ཡོང་ཐབས་མེད་ཅེས་བརྗོད་འདུག་ཀྱང་། མཐར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་གཅིག་རང་ལ་ཚོགས་བཅར་བའི་ས་མིག་གནང་བ་རེད། དེའི་སྐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལས་བྱེད་དང་གུས་པའི་ལས་རོགས་རྒྱ་རི་བློ་གྲོས་རྒྱལ་མཚན་དང་། བཀྲས་མཐོང་བསྟན་འཛིན་དགེ་བྱེད། མཛེས་ཆུ་ཚང་བསོད་ནམས་སྟོབས་རྒྱལ་བཅས་པ་བོད་གཞུང་གི་འབྲིང་རིམ་ལས་བྱེད་ཡིན་པས། གཞུང་ཞབས་ཀྱི་མིང་ཐོག་ནས་ཚོགས་བཅར་བྱེད་ཆོག་པས་གཞོན་ནུའི་ས་མིག་དེ་གུས་པར་ལེན་དགོས་ཞེས་བཀའ་གནང་བྱུང་།
ཟམ་གདོང་རིན་པོ་ཆེས་བཙན་བྱོལ་བོད་གཞུང་གིས་གོ་མ་ཆོད་པའི་ལས་དོན་གྱི་སྐོར་ལ་སྐྱོན་བརྗོད་ཚ་ཐག་ཆོད་ཅིག་གནང་སོང་བ་དང་། ལྷག་ཏུ་རིན་པོ་ཆེའི་གཏམ་བཤད་ཀྱི་ཤོད་མཚམས་རེ་ལ་ཁོང་གི་ཝར་ཎ་གྲྭ་བའི་སློབ་ཕྲུག་དང་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལ་སོགས་པས་རྒྱབ་སྐྱོར་གྱིས་དགའ་བསུའི་ཐལ་མོ་ཟམ་མ་ཆད་པར་བརྡབས་པས། གཞུང་ཞབས་པ་དང་གཞིས་ཆགས་ཁག་གི་འགན་འཛིན་རྣམས་ཀྱིས་ཐོག་མར་དེ་ལ་ཡ་ལན་སྤྲད་མ་ཐུབ།
ཟམ་གདོང་རིན་པོ་ཆེ་དང་ཁོང་གི་རྐང་འཛིན་ལས་བྱེད་གྲྭ་པ་རྣམས་ནི་གཏམ་བཤད་སྤེལ་བར་མཁས་པར་མ་ཟད། འཇིགས་ཟིལ་སྐྱེ་རུ་འཇུག་མཁན་ཞིག་ཀྱང་རེད། འོན་ཀྱང་རིན་པོ་ཆེས་གཏམ་བཤད་འགོ་ཚུགས་ནས་ཅུང་ཙམ་སོང་རྗེས། རང་ཉིན་ཀྱི་ངག་རྩལ་ལ་རང་ཉིད་ཡོངས་སུ་ཁེངས་དྲེགས་སྐྱེས་ཏེ། བཙན་བྱོལ་བོད་གཞུང་བཙུགས་ནས་འཛམ་གླིང་སྲིད་དོན་སྡིངས་ཆའི་ཐོག་བོད་ཀྱི་རང་དབང་ལས་འགུལ་སྤེལ་བའི་གོ་སྐབས་སུམ་ཅུ་སོ་གསུམ་ཤོར་ཡོད་ཅེས་ཐེ་ཚོམ་དང་བྲལ་བའི་ངང་ནས་བརྗོད། སྐད་ཆ་འདི་གུས་པས་གསལ་གསལ་ཐིང་ཐིང་ངང་དྲན་སོས་པ་མ་ཟད། ཧ་ཅང་ཐལ་དྲགས་པའི་ཧམ་བཤད་ཅིག་ཀྱང་ལོས་ཡིན། སྐད་ཆ་འདི་བཤད་མ་ཐག་རིན་པོ་ཆེའི་རྗེས་འཇུག་པ་རྣམས་ཀྱིས་སྤྱང་ཀིས་ཤ་མཐོང་བ་ལྟར་དགའ་སྤྲོའི་ང་རོ་བསྒྲགས་སོང་། འོན་ཀྱང་། གནས་ཚུལ་ལ་གོ་རྟོགས་གང་འཚམ་ཡོད་མཁན་གྱི་གཞུང་ཞབས་པ་རྣམས་ཅུང་ཧང་སང་ནས་གཅིག་གིས་གཅིག་ལ་ལྟ་བཞིན་པ་ཁོ་བོར་ཀྱང་དོ་སྣང་བྱུང་།
དེ་རྗེས་འགའ་ཞིག་གིས་ཟམ་གདོང་རིན་པོ་ཆེས་གོ་སྐབས་སུམ་ཅུ་སོ་གསུམ་ཤོར་ཡོད་ཅེས་པའི་སྐྱོན་བརྗོད་ལ་གནས་ལུགས་རྒྱུ་མཚན་ཡོད་མེད་དངོས་སུ་དོགས་འདྲི་བྱེད་འགོ་བཙུགས། དེ་ལྟ་ན་ཡང་། ཕྲན་གྱིས་མཁས་པོའི་ངང་ནས་རིན་པོ་ཆེའི་གཏམ་བཤད་དེ་གལ་ཆེ་ཚུལ་དང་བོད་མིའི་བདེ་སྡུག་ལ་ཕན་ཐོགས་ཡོང་ངེས་པས། བོད་གཞུང་གིས་ཤོར་བའི་གོ་སྐབས་སུམ་ཅུ་སོ་གསུམ་རེ་རེ་བཞིན་ག་དུས་བྱུང་བའི་ཚེས་གྲངས་དང་། གང་དུ་བྱུང་བའི་ཡུལ། ཇི་ལྟར་བྱུང་བའི་གནས་བབ་བཅས་གསལ་བཤད་བྱེད་དགོས་ཞེས་ཡར་ཞུ་བྱས་ཀྱང་། ཁོང་གིས་གུས་པ་སྣང་བར་མ་བཞག་པར་ཨ་ལན་ཅི་ཡང་སྤྲད་མ་བྱུང་། འོན་ཏང་། གཞུང་ཞབས་པ་རྣམས་ཀྱིས་རིམ་པས་ཟམ་གདོང་རིན་པོ་ཆེའི་སྐྱོན་བརྗོད་ལ་དགག་ལན་གནང་འགོ་ཚུགས་པ་དང་། དེ་ནས་རིམ་གྱིས་བགྲོ་གླེང་དངོས་སུ་འགོ་ཚུགས། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་མིའི་གྲས་ནས་ཟམ་གདོང་རིན་པོ་ཆེ་ལ་དགག་པ་རྒྱག་མཁན་ཐོག་མ་དེ་རྒན་མགོ་སེ་འམ་ཐུབ་བསྟན་འབྱུང་གནས་ལགས་རེད། ཁོང་ནི་ཟམ་གདོང་རིན་པོ་ཆེའི་ཚོགས་སྡེ་སྟེ། ཝར་ཎ་མཐོ་སློབ་ནས་མིན་ཡང་། སཱ་ར་ནཱ་ཐར་ཁོང་རང་ཉིད་ཀྱི་དགོན་པ་ཡོད་པ་ལ། མི་གཤིས་དྲང་བའི་སྒང་ལ་ཁྲེལ་ཡོད་ཅིག་ཡིན་པར་མ་ཟད། རང་བཙན་འཐབ་རྩོད་པ་རྣལ་མ་ཞིག་ཀྱང་རེད། དེ་རྗེས་རིམ་པས་ཚོགས་བཅར་བ་གཞན་རྣམས་ཀྱིས་ཟམ་གདོང་རིན་པོ་ཆེར་རྒྱབ་སྐྱོར་མེད་པའི་རྣམ་པ་བསྟན། ཉིན་གཉིས་པའི་ཉིན་གུང་ལ་ཐོན་དུས་བགྲོ་གླེང་ཅི་བྱེད་འདི་བྱེད་མེད་པའི་གནས་སུ་གྱར་ཅིང་། དེའི་ཕྱི་དྲོ་ཙམ་ལ་སླེབས་དུས་བོད་གཞུང་གི་གཞུང་ཞབས་པ་རྣམས་ཀྱིས་ཐ་ན་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གིས་བསྡུས་ཟིན་པའི་ཞལ་འདེབས་མ་དངུལ་དེ་ཡང་དཔལ་འབྱོར་ལས་ཁུངས་ལ་རྩིས་འབུལ་བྱེད་དགོས་ཞེས་རྩོད་པ་བརྒྱབ་སོང་།
དེའི་རྗེས་ཀྱི་རྩོད་པ་དང་བགྲོ་གླེང་ནང་གུས་པ་མཉམ་ཞུགས་མ་བྱས་པར། དུས་ཚོད་དམ་འཛིན་བྱས་ནས་འཆར་གཞི་གསར་པ་ཞིག་སེམས་ལ་འཁོར་སོང་བས་དེའི་ཐད་བསམ་མནོ་བཏང་སྟེ་ཟིན་ཐོ་ཡང་བཀོད། གུས་པ་ཟིན་ཐོ་དེ་ལག་ན་བཟུང་ནས་ཚོགས་འདུ་དེར་བསམ་ཚུལ་ཞིག་ཕུལ་བ་ཡིན། དེ་ཡང་ཞལ་འདེབས་ཧིན་སྒོར་འབུམ་གཅིག་གཉིས་དེ་གནས་ཚུལ་རྒྱ་ཆེ་ས་ནས་བལྟས་ན་འགངས་ཆེན་ཞིག་མིན་ལ། དེ་ལས་ཀྱང་གལ་གནད་ཆེ་བ་ཞིག་ནི། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གིས་རྒྱ་བལ་གཉིས་ལ་དེའི་ཡན་ལག་ཚོགས་ཆུང་མི་ཉུང་བ་ཞིག་བཙུགས་ཟིན་པས། ཡན་ལག་དེ་དག་ལ་བོད་མི་རྣམས་ནས་ལོ་རེའི་ལོ་ཁྲལ་བསྡུ་བའི་འགན་བསྐུར་ནས། ཁྲལ་དངུལ་དེ་བོད་མིའི་རང་དབང་ལས་འགུལ་གྱི་འགྲོ་སོང་ལ་བཏང་ན་ཧ་ཅང་ལེགས་པོ་ཡོང་བ་དེ་ཡིན། དེ་ལྟར་བྱས་ཚེ་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་དམིགས་ཡུལ་ཡང་དངོས་སུ་ལག་སྟར་བྱེད་ཐུབ་ཀྱི་ཡོད། (འདིའི་སྐབས་སུ་བོད་གཞུང་ལ་ལོ་རེ་བཞིན་རྒྱལ་བ་རིན་པོ་ཆེས་ཕྱག་དངུལ་ཅུང་ཙམ་ཞིག་གནང་གི་ཡོད་པ་ལས། དེ་མིན་དཔལ་འབྱོར་གྱི་ཡོང་ཁུངས་བརྟན་པོ་ཞིག་མེད།) གཞན་ཡང་ཕྲན་གྱིས་བོད་མི་རེ་ལ་ཕྱི་སྐྱོད་ལག་ཁྱེར་(passport) གྱི་བཟོ་ལྟ་འདྲ་བའི་ལག་དེབ་རེ་བཟོས་ནས། ལོ་རེའི་ལོ་ཁྲལ་ཉུང་ངུ་རེ་བསྡུས་ཟིན་པའི་ཐམ་རྟགས་ཀྱང་དེར་འགོད་ཆོག་པ་དང་། ལག་དེབ་དེའི་ཁ་བྱང་ལ་“རང་བཙན་ལག་དེབ་”དང་། ༸གོང་ས་མཆོག་ལ་ཆེ་བསྟོད་མཚོན་ཆེད་དེའི་མདུན་ཤོག་ལྗང་ཁུ་བྱས་ན་ཞེས་བསམ་ཚུལ་ཞུས་པ་ཡིན།

གྲོས་ཚོགས་ཚོགས་གཙོ་ཉི་མ་བཟང་པོ་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གུས་པ་བཅས་ལ་དེ་ལྟར་ལམ་སང་བསྒྲུབ་དགོས་པའི་གནང་བ་བསྩལ་བར་མ་ཟད། བསམ་ཚུལ་དེ་ཡིག་ཐོག་ལ་བཀོད་ནས་དཔལ་འབྱོར་ལས་ཁུངས་ལ་འབུལ་དགོས་པའི་ལམ་སྟོན་གནང་བྱུང་། དེ་ལྟར་ཉིན་ཤས་ཀྱི་རྗེས་སུ་གུས་པས་བསམ་ཚུལ་དེ་ཡིག་ཐོག་ལ་བཀོད་ནས་དཔལ་འབྱོར་དྲུང་ཡིག་འདས་པོ་དགེ་སློང་བློ་ལྡན་(མཚན་གཞན་ལ་ཇོ་ལགས་འཆི་མེད་མགོན་པོ་ཡང་ཟེར་)ལགས་ལ་ཕུལ། ཡིག་ཆ་དེ་ད་ལྟའི་ཆར་དཔལ་འབྱོར་ལས་ཁུངས་ཀྱི་ཡིག་ཟམ་ག་གེ་མོ་ཞིག་གི་ནང་ལ་ཡོད་ངེས། འཆར་ཟིན་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཤོག་སེར་པོ་ཞིག་གི་ཐོག་ལ་བྲིས་ཡོད་པ་མ་ཟད། དེའི་ཐོག་ལ་ལས་རྟགས་ཡོད་པ་དང་གུས་པ་རང་གི་ས་ཡིག་ཀྱང་བཀོད་ཡོད།
འདི་ལྟར་བཙན་བྱོལ་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་ཀྱི་འབད་བརྩོན་ལ་བོད་གཞུང་གི་ངོས་འཛིན་ཐོབ་པར་མ་ཟད། ཁོང་ཚོར་ལས་འགན་འགངས་ཆེན་རེའང་གནང་བ་ན། བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆེན་སྟེང་གི་རྩོད་གླེང་དེ་ཡང་ཅི་བྱ་གཏོལ་བྲལ་གྱི་གནས་ལས་གྲོལ་ཐུབ་པར་གྱུར། མི་འགྱངས་བར་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་པའི་ཡན་ལག་ཚོགས་ཆུང་བཙན་བྱོལ་སྤྱི་ཚོགས་གང་སར་གསར་འཛུགས་བྱས་ཤིང་། ཚོགས་ཆུང་ཡོད་ཚད་བོད་གཞུང་གྲོས་ཚོགས་ཀྱི་བཀོད་ཁྱབ་འོག་ཏུ་བསྡུས་པ་རེད།

དེ་ནས་ཟམ་གདོང་རིན་པོ་ཆེ་དང་ཁོང་གི་སློབ་ཕྲུག་ཚོ་སཱ་ར་ནཱ་ཐ་ལ་ཕྱིར་ཕེབས་རྗེས། བོད་ཀྱི་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་དང་འབྲེལ་བ་སྣེ་གཅིག་མེད་པར་གྱུར། གཞན་ཡང་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཐོག་མར་བཙུགས་པའི་སྐབས། བཀའ་ཤག་གིས་སེམས་འཚབ་ཅུང་ཙམ་བྱས་ཡོད་ཀྱང་། དེའི་སྐབས་སུ་ཟམ་གདོང་རིན་པོ་ཆེས་མི་རུང་བའི་བྱ་བ་ཞིག་བྱས་སོང་སྙམ་པ་སུ་ཞིག་གི་བློ་ངོར་ཤར་མེད། འོན་ཀྱང་། ད་ལྟ་མི་ལོ་ཞེ་བདུན་གྱི་རྗེས་སུ་དེར་ཕྱིར་མིག་ཅིག་བལྟས་ཚེ། བོད་ཀྱི་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཟེར་བ་ནི་དོན་དུ་ཟམ་གདོང་རིན་པོ་ཆེ་དང་ཁོང་གི་ལག་འོག་ན་ཡོད་པའི་རྐང་འཛིན་ལས་བྱེད་གྲྭ་བ་ཁ་ཅིག་གིས་བརྩམས་པའི་ལས་འགུལ་ཞིག་ཡིན་པ་དང་། ལས་འགུལ་དེ་ཡང་དྲག་ཤུགས་ཤིག་མིན་དུ་ཆུག་ཀྱང་། གསང་སྟབས་ཀྱི་ཐོག་ནས་བོད་གཞུང་གི་སྲིད་དབང་རྩོད་ལེན་བྱེད་པའི་ལས་འགུལ་ཞིག་རེད་སྙམ། དེ་ཡང་ལས་འགུལ་དེ་བདེ་བླག་ཏུ་སྒྲུབ་ཐུབ་ཚེ། བཙན་བྱོལ་བོད་གཞུང་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཆུང་ཆུང་ཞིག་གི་ངོ་བོ་ལ་བསྒྱུར་རྒྱུ་དང་། དེའི་ལས་འགན་གཙོ་བོ་ནི་དགོན་སྡེ་སློབ་གྲྭ་གཞིས་ཆགས་བཅས་ལ་ལྟ་རྟོག་བྱེད་པ་མ་གཏོགས། ཆབ་སྲིད་ཀྱི་ལས་འགུལ་དང་། སྲིད་གཞུང་གཞན་དང་རྒྱལ་སྤྱིའི་ཚོགས་པ་ཁག་ལ་འབྲེལ་བ་བྱེད་པའི་དབང་ཆ་ཡོད་ཚད་དེའི་བླ་ན་མེད་པའི་དབུ་ཁྲིད་ཟམ་གདོན་རིན་པོ་ཆེ་ཁོང་ཉག་ཅིག་ལ་ཐོབ་ཀྱི་ཡོད།
གཞན་ཡང་ཟམ་གདོང་རིན་པོ་ཆེས་ལས་འགུལ་སྤེལ་བའི་དུས་སྐབས་ཀྱི་རང་བཞིན་ལ་བལྟ་རྒྱུ་ཡང་གལ་ཆེ་བར་སྣང་སྟེ། ཟམ་གདོང་རིན་པོ་ཆེས་སྤེལ་བའི་ལས་འགུལ་དེ་ནི། རྒྱ་ནག་ཏུ་མའོ་ཙེ་ཏུང་ལ་ཆབ་སྲིད་ཀྱི་དབང་ཆ་ཆུང་དུ་སོང་བའི་རྗེས་ལ་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་ནས། རྒྱ་ནག་གི་སྲིད་འཛིན་ལེའུ་ཧྲོ་ཅི་(Liu Shaoqi) དང་དམར་ཤོག་ཚོགས་མི་རྒན་པ་རྣམས་མགོ་རྟིང་སློག་བཞིན་པའི་དུས་དཀྱིལ་ཏག་ཏག་ལ་ཁེལ་ཡོད། སྤྱིར་ན་མའོ་ཙེ་ཏུང་ཤོག་ཁག་གི་དམར་སྲུང་དམག་གི་བྱ་སྤྱོད་འཐབ་འཛིང་ནི་དྲག་ལས་ཤ་སྟག་ཡིན་པས། དེ་ནི་ཟམ་གདོང་རིན་པོ་ཆེ་དང་ཁོང་གི་“དམར་སྲུང་”འདྲ་བའི་གྲྭ་བ་རྣམས་ཀྱིས་བོད་གཞུང་ལ་ངག་ཐོག་ནས་སྐྱོན་བརྗོད་བྱས་པ་གཉིས་བསྡུར་ཐབས་མེད་ཀྱང་། དེ་གཉིས་ཀའི་དམིགས་ཡུལ་ནི་དབང་ཆའི་འཐབ་རྩོད་རང་ཡིན་པ་ཐེ་ཚོམ་མེད། གཞན་ཡང་དེའི་སྐབས་སུ་བཙན་བྱོལ་སྤྱི་ཚོགས་ནང་ཚ་གླེང་བྱས་དང་བྱེད་བཞིན་པའི་གླེང་གཞི་གཙོ་བོ་ནི་རིག་གནས་གསར་བརྗེ་ཡིན་པ་དང་། ཟམ་གདོང་རིན་པོ་ཆེ་ནི་མའོ་ཙེ་ཏུང་ལ་སྒོ་ཀུན་ནས་ཡིད་མོས་འཆོར་མཁན་ཞིག་དང་། ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཨ་རི་བཙན་རྒྱལ་རིངས་ལུགས་པར་དགག་པ་གནང་མཁན་ཞིག་ཀྱང་རེད། འདིའི་ཐད་ལ་རྩོམ་འདིའི་ཚན་པ་གཉིས་པའི་ནང་རྒྱས་པར་འབྲི་རྒྱུ་ཡིན་པས། འདིར་དེ་ཙམ་གྱིས་ཆོག་པར་བྱ།
རྩོམ་འདི་མཇུག་མ་བསྡུས་པའི་གོང་ལ། སེམས་ཁམས་རིག་པ་དང་འབྲེལ་ནས་ལྟ་ཚུལ་དཀྱུས་མ་ཞིག་ཅུང་ཙམ་གླེང་ན། གུས་པའི་མཐོང་ཚུལ་ལ། དེང་གི་དུས་སུ་ཡང་ཟམ་གདོང་རིན་པོ་ཆེ་ཁོང་ཉིད་ཀྱི་བསམ་པའི་གཏིང་རིམ་ཞིག་ན། སྔར་ཁོང་གིས་སྤེལ་བའི་ལས་འགུལ་དེའི་དམིགས་ཡུལ་ནི་གསང་བ་དང་ངོ་ལོག་གི་རྣམ་པ་ཡོད་པ་ཁོང་ཉིད་ཀྱིས་ངོས་འཛིན་གནང་འདུག་སྙམ། གང་ཡིན་ཟེར་ན། ཁོང་སྒེར་གྱི་དྲྭ་ཚིགས་(samdhongrinpoche.com) ཞེས་པའི་དྲྭ་རྒྱ་འདིའི་ནང་བལྟས་ཚེ། སྔར་ཁོང་གིས་བཟུང་བའི་ཆབ་སྲིད་དང་། ཤེས་ཡོན་དང་འབྲེལ་བའི་གོ་གནས་བཞི་བཅུ་ཞེ་ལྔ་ཙམ་གྱི་ཐོ་གཞུང་བཀོད་ཡོད་པར་མ་ཟད། ཐ་ན་ཁོང་གིས་སློབ་ཆེན་ཁག་གི་སློབ་ཐོན་མཛད་སྒོར་གཏམ་བཤད་གང་གནང་བའི་སྐོར་དང་། སློབ་ཆེན་དེ་དག་གིས་ཁོང་ལ་ཆེ་བསྟོད་སློབ་ཆེན་ལག་ཁྱེར་གནང་ཡང་། དེ་དག་ཁོང་གིས་མ་བཞེས་པའི་སྐོར་ལ་སོགས་རྒྱས་པ་འཁོད་འདུག་ལ། དེ་བཞིན་ཁོང་གིས་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་བྱེད་དགོས་བསམ་ཡང་དེ་ལྟར་ལམ་འགྲོ་མ་རྒྱུགས་ཀྱང་། “སྤྱི་ལོ་1970-1973 བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་གྱི་གོ་ས་བཟུང་” ཞེས་ཁོང་གིས་བཟུང་བའི་ཆབ་སྲིད་གོ་གནས་གྲས་སུ་བཀོད་འདུག
འོན་ཀྱང་། ཟམ་གདོང་རིན་པོ་ཆེས་བདེ་བླག་ངང་བཙུགས་ཀྱང་། སྣེ་ཁྲིད་ཡག་པོ་མཛད་རྒྱུ་ཕར་ཞོག ཐ་ན་ལམ་ནོར་དུ་ཁྲིད་པའི་སྲིད་དོན་ཚོགས་པ་ཆེན་པོ་དེའི་སྐོར་གང་ཡང་བཀོད་མེད། སྤྱིར་ན་བོད་ཀྱི་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ནི། བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་ཆབ་སྲིད་ཚོགས་པ་ཆེས་སྔ་ཤོས་དང་ཆེ་ཤོས་དེ་ཡིན་ཡང་། ཟམ་གདོང་རིན་པོ་ཆེའི་དྲྭ་ཚིགས་ཡོངས་སུ་དེའི་སྐོར་ཚིག་འབྲུ་གཅིག་ཀྱང་མཐོང་རྒྱུ་མེད་དོ། །
མཚན་འཁོད་རྩོམ་ཡིག་ཁག་འདི་ཀ་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ་ལ། འགྱུར་ལ་དོགས་གནས་ཡོད་ཚེ་མ་རྩོམ་དབྱིན་ཡིག་དྲ་ཐག་འདིར་གཟིགས་རོགས།
་