རང་དབང་རང་བཙན་དང་དམངས་གཙོ།
རང་དབང་དང་དམངས་གཙོ། རང་བཙན་བཅས་ནི་མི་མང་པོས་འཐབ་རྩོད་དང་དེ་ཚོའི་ཆེད་དུ་རང་སྲོག་བཏང་བའི་གནད་དོན་ཆེན་པོ་ཞིག་རེད། དམངས་གཙོ་ནི་མི་དམངས་ལ་འགོ་ཁྲིད་འདེམས་སྒྲུག་བྱེད་པའི་དབང་ཆ་སྤྲད་དེ། (དཔེར་ན་ཨ་རི་དང་དབྱིན་ཇི་ལྟ་བུ) མི་དམངས་ཀྱིས་རྩོད་གླེང་དང་སྲིད་ཇུས་གཏན་འབེབས་བྱས་རྗེས། སྲིད་ཇུས་གང་ཞིག་ལ་མང་མོས་ཀྱི་རྒྱབ་སྐྱོར་ཆེ་ཤོས་ཡོད་མེད་འོས་ཤོག་འཕངས་ཏེ་འདེམ་རྒྱུ་དེ་ཡིན་པ་ལས། འགོ་ཁྲིད་གཅིག་དང་ཚོགས་པ་གཅིག་ལས་འདེམ་རྒྱུ་མེད་པའི་བྱང་ཀོ་རེ་ཡ་དང་རྒྱ་ནག་ནང་བཞིན་མ་རེད།
༸གོང་ས་མཆོག་གིས་བོད་མི་རྣམས་ལ་ངོ་སྤྲོད་ཀྱིས་གསོལ་རས་གནང་བའི་དམངས་གཙོའི་ལམ་ལུགས་ཀྱི་ནང། སྲིད་ཇུས་མི་འདྲ་བ་འགའ་ཞིག་གི་འོས་མིའི་དབར་ལ་གདམ་ཀ་བྱེད་དགོས་པ་ལས། མི་སྒེར་པ་ཞིག་དང་སྲིད་ཇུས་གཅིག་གི་ཐོག་གཅིག་པུ་ལ་ལེགས་ཚུལ་བརྗོད་པ་ནི་༸གོང་ས་མཆོག་གི་དགོངས་པ་དང་འགལ་བ་ཡིན། “བོད་རང་བཙན་གྱི་གནད་དོན་གླེང་བ་ནི་རྒྱ་ནག་དམར་ཤོག་ཚོགས་པ་ལས་ཀྱང་ཉེན་ཁ་ཆེ་”བར་ཡོད་ཚུལ་བརྗོད་པ་ནི་ཁུངས་ལུང་མེད་པ་ཞིག་རེད།
ངའི་བསམ་ཚུལ་བྱས་ན་༸གོང་ས་མཆོག་གིས་ད་ལྟའི་རང་བཙན་སྐོར་གྱི་བསམ་ཚུལ་གླེང་སློང་བྱེད་བཞིན་པ་འདི་དག་ནི། ཆབ་སྲིད་ཀྱི་བསམ་བློ་སྨིན་པའི་རྟགས་མཚན་ཞིག་ལས་ལྡོག་ཕྱོགས་ཀྱི་ལྟ་ཚུལ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་མ་རེད་སྙམ།
༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ནང་སི་ཏྲ་སི་སྦག་གི་བསྒྲགས་གཏམ་(Strasburg Statement) གསལ་བསྒྲགས་གནང་སྐབས་ང་རང་ཡང་བསྒྲགས་གཏམ་དེར་མོས་མཐུན་མེད་མཁན་གྱི་གྲས་སུ་ཡོད། སྐབས་དེར་ང་རང་ཛུ་རི་ (Zurich) གྲོང་དུ་ཡོད་པའི་བོད་ཀྱི་དོན་གཅོདཁང་ (Tibet Office) དུ་དང་བླངས་ཀྱིས་ལས་ཀ་བྱེད་བཞིན་ཡོད། དེ་དུས་༸གོང་ས་མཆོག་ལ་དངོས་སུ་བཀའ་མོལ་ཞུ་རྒྱུ་དང་། རང་ཉིད་ཀྱི་བསམ་ཚུལ་རྣམས་ཞུ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་བྱུང། ༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་གསན་གནང་མཛད་པ་ལས། ངའི་བསམ་ཚུལ་ལ་དགག་པ་གནང་མ་བྱུང་ལ། བསམ་ཚུལ་དེ་དག་ཁོང་ལ་རྒྱབ་གཏོད་ཡིན་པའི་གཟིགས་ཚུལ་ཡང་གནང་མ་བྱུང། ད་དུང་ཁོང་གིས་རང་བཙན་འཐབ་རྩོད་ཀྱི་གལ་གནད་ཀྱི་སྐོར་ཁྱེད་རང་གི་ལྟ་ཚུལ་བསྒྲགས་གཏམ་དེ་མུ་མཐུད་ནས་སྤེལ་ན་འགྲིག་གི་ཡོད་ཚུལ་ཞལ་དྲོན་མོས་བཀའ་གནང་བྱུང། རྗེས་སུ་ངོས་ནས་བསྒྲགས་གཏམ་ཡིག་ཐོག་ཏུ་སྤེལ་བ་དང། རྒྱ་ནག་གྱི་སྐོར་རྒྱུས་མངའ་ཆེ་བའི་གསར་འགོད་པ་ཇོ་ན་ཐཱན་མེར་སི་ཀེ་་(Jonathan Mirsky) ལགས་ཀྱིས་ངོས་ལ་བཅར་འདྲི་གནང་སྟེ་གསར་ཤོག་ཨོབ་ཛ་བ་ (The Observer newspaper) ཞེས་པའི་ནང་དུ་པར་འགྲེམས་བྱས་པ་རེད།
དེ་བཞིན་འཇམ་དབྱངས་ནོར་བུ་ལགས་ཀྱིས་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་ལྟ་བ་ལ་མཐོང་ཆུང་བྱེད་རྒྱུའི་ཚབ་ཏུ་༸གོང་ས་མཆོག་གིས་ཁོང་ལ་ཐུགས་བརྩེ་ཆེན་པོས་མཇལ་ཁ་གནང་སྟེ་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་རྣམས་འཛམ་གླིང་ལ་བསྒྲག་རྒྱུ་མ་ཟད། དམིགས་བསལ་རྒྱ་ནག་གིས་ཀྱང་ཤེས་སུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་ལུགས་གསུངས་འདུག ༸གོང་ས་མཆོག་གིས་ད་དུང་རང་བཙན་ཡིན་པའི་བདེན་དཔང་མེད་པར་དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་བྱེད་པ་ནི་སྤྲང་པོས་ལྟོ་སློང་བ་ལྟ་བུ་རེད་སྲིད་ཅེས་གསུངས་འདུག
“རང་བཙན་འཐབ་རྩོད་བྱེད་མཁན་བོད་མི་རྣམས་རྒྱ་མི་དམར་པོ་ལས་ཉེན་ཚབས་ཆེ་བ་ཡོད་” ཅེས་པའི་ཐལ་ཆ་ཅན་གྱི་སྐད་ཆ་ནི་ཁུངས་ལུང་མེད་པ་དང། རང་དབང་དང། དམངས་གཙོ། རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱེད་མཁན་གྱི་སྙིང་སྟོབས་ཅན་ཚོར་དམའ་འབེབས་བྱེད་པའི་སྡར་མའི་ངང་ཚུལ་ལས་མ་འདས། བོད་རང་བཙན་འཐབ་རྩོད་པ་དེ་དག་༧གོང་ས་མཆོག་གི་ཁ་གཏད་དུ་ལང་མཁན་ཡིན་ཚུལ་འཛིན་མཁན་འགའ་ཞིག་སྐུའི་ཉེ་ས་ནས་ཐོན་བཟོ་ཡོད་པ་ནི་སྟབས་མི་ལེགས་པ་མ་ཟད། ངོ་ཚ་དགོས་པ་ཞིག་དང་བདེན་པ་ལ་རྒྱབ་ཀྱིས་ཕྱོགས་པའི་གཡོ་སྒྱུའི་བཤད་པ་ཞིག་ཏུ་མཐོང། ༸གོང་ས་མཆོག་གི་ཆོས་ཕྱོགས་ཀྱི་དགོངས་ཚུལ་ཇི་འདྲ་ཞིག་གསུངས་ན་ཡང། བོད་མི་ཚོས་ཁོང་གི་དགོངས་ཚུལ་ཐམས་ཅད་ཀྱི་རྗེས་སུ་བྲན་གཡོག་ལྟར་འབྲང་དགོས་པའི་དགོངས་ཚུལ་ནམ་ཡང་གསུངས་མེད།
ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་བཞག་ནས་བགྲེས་ཡོལ་དུ་ཕེབས་ཏེ། དམངས་གཙོའི་རྒྱལ་ཁབ་གཞན་པ་ཚོ་དང་འདྲ་བར་ཁོང་གིས་མི་དམངས་ཚོས་ཆབ་སྲིད་ཀྱི་འགན་དབང་མང་ཙམ་ཁུར་རྒྱུའི་ཐུགས་རེ་བཅངས་པ་རེད། འཛམ་གླིང་ནང་གི་དམངས་གཙོའི་ལོ་རྒྱུས་ནང་ཆོས་དང་ཆབ་སྲིད་གཉིས་དབྱེ་བ་ཕྱེས་ཡོད་ལ། ཆོས་པའི་མི་ཚེ་ནི་རང་གི་ཚེ་ཕྱི་མའི་བདེ་འདོད་གཙོ་བོ་སྒྲུབ་པ་དང། འཇིག་རྟེན་པའི་མི་ཚེའི་ནང་དངོས་ཡོད་ཀྱི་གནས་སྟངས་རྩུབ་མོར་གདོང་ལེན་བྱེད་པ་དང་། རྩོད་གླེང་དང་གྲོས་བསྡུར་སོགས་ཀྱི་ཐོག་ནས་དངོས་ཡོད་ཀྱི་ལས་དོན་བསྒྲུབ་རྒྱུ་དེ་རེད།
བོད་མིའི་འཚོ་བ་སྐྱེལ་སྟངས་དེ་དམར་ཤོག་རིང་ལུགས་དང་ཆོས་མེད་རྒྱལ་ཁབ་གཅིག་གི་ངོ་བོར་སྒྱུར་ཐབས་སུ་ལོ་རབས་མང་པོར་འབད་པ་བྱས་ཡོད་ཀྱང་། བོད་མི་རྣམས་རང་དབང་དང་རང་བཙན་ལྡན་པའི་བོད་ཅིག་ལ་ཕྱིར་ལོག་བྱ་རྒྱུའི་འདུན་པ་དེ་འགྱུར་བ་མེད་པར་གནས་ཡོད། མི་ལོ་མང་པོའི་རིང་དུ་རྒྱ་ནག་དམར་པོ་ལ་ངོ་རྒོལ་གྱི་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་རེད། ཁུ་ཚུར་གནམ་ལ་འཕྱར། རྒྱལ་དར་མཁའ་ལ་སྒྲེང་། བོད་ལ་རང་དབང་དགོས། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས་སྐད་འབོད་བརྒྱབས་པ་དང། རང་ལུས་མེར་བསྲེག་གིས་མཚོན་པའི་རང་སྲོག་བློས་བཏང་གིས་ངོ་རྒོལ་གྱི་ལས་འགུལ་བརྩམས་དང་རྩོམ་མུས་རེད།
ང་རང་སྒེར་གྱི་ཉམས་མྱོང་གི་ཐོག་ནས་བཤད་ན། མི་ལོ་ཉེར་བརྒྱད་ལྷག་རིང་དུ། ཤར་དར་རྩེ་མདོ་ནས་ནུབ་མངའ་རིས་སྒང་བར་དུ་བོད་ནང་ཐེངས་མང་པོར་བསྐྱོད་པའི་མིག་མཐོང་ལག་ཟིན་བྱུང་བ་ནི། བོད་མི་ཚོས་༸གོང་ས་མཆོག་ལ་དད་པ་དང། རྒྱ་དམར་གྱི་དབང་སྒྱུར་འོག་ནས་རང་དབང་འཐོབ་འདོད་ཀྱི་འདུན་པ་བརྟན་པོ་བཅངས་ཡོད་པར་ཡིད་སྨོན་ཡང་ཡང་སྐྱེས་མྱོང། ༸གོང་ས་མཆོག་ལ་ལྷག་བསམ་རྣམ་དག་གི་དད་པ་དང་རང་དབང་གི་འདུན་པ་གཉིས་འགལ་ཟླར་འགྲོ་ཐབས་མེད། ཕྱོགས་གང་སར་གནས་པའི་བོད་མི་ཚོས་༸གོང་ས་མཆོག་ལ་བླ་ན་མེད་པའི་དབུ་ཁྲིད་ཀྱི་དད་པ་ཡོད་ལ། ཆབ་སྲིད་ཀྱི་རང་དབང་དགོས་འདོད་ཀྱང་ཡོད།
རྒྱ་དམར་གྱིས་ང་ཚོ་ཚང་མ་འདྲ་མཉམ་ཡིན་ཞེས་བཤད་ཀྱི་ཡོད་ཀྱང། ང་ཚོ་ཚང་མས་ཤེས་གསལ་ལྟར། རྒྱ་དམར་གྱིས་དུས་རྟག་ཏུ་བོད་མི་རྣམས་མིའི་གྲས་ནས་རིམ་པ་གཉིས་པ་ལྟ་བུར་བརྩི་ཡི་ཡོད། ང་ཚོའི་འཚོ་བ་སྐྱེལ་སྟངས་དང། ཆོས་ལུགས། ཁྱིམ་ཚང་གི་རིན་ཐང་དང་ལུགས་སྲོལ་བཅས་མགོ་རྟིང་བསླགས་ཡོད་པ་དང། བོད་མི་ཚོ་ཉེས་མེད་རང་དགར་འཛིན་བཟུང་དང། མནར་གཅོད་བཏང་བ། ཉེས་མེད་བོད་མི་རྣམས་དམར་གསོད་བཏང་བ་སོགས་ད་ལྟའང་མུ་མཐུད་ནས་འབྱུང་བཞིན་ཡོད། བོད་ནང་དུ་ཡོད་པའི་བོད་མི་ཚོས་རྒྱ་དམར་གུང་ཁྲན་ཏང་གིས་ང་ཚོ་ལ་འདྲ་མཉམ་དང་དྲང་བདེན་གྱི་ཐོབ་ཐང་སྤྲོད་ཀྱི་ཡོད་པའི་ཡིད་ཆེས་ནམ་ཡང་བྱེད་ཀྱི་མེད། ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོས་རྒྱ་ནག་དམར་པོ་ལ་ངོ་རྒོལ་མཚམས་འཇོག་བྱས་ན། ཉི་མ་གཅིག་ལ་རང་དབང་ཐོབ་རྒྱུའི་རེ་བ་བཅངས་ནས་སྒུག་བསྡད་པ་དེ་ནི་སྟོང་བསམ་རང་རེད། དེ་འདྲ་ཞིག་ནམ་ཡང་ཡོང་མི་སྲིད།
རང་དབང་ལྡན་པའི་འཛམ་གླིང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་མིའི་སྙིང་སྟོབས་དངོས་སུ་མཐོང་ཞིང། བོད་མིའི་མ་འོངས་པའི་ལས་དབང་སོ་སོས་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་རེད། ༸གོང་ས་མཆོག་གིས་ཀྱང་བོད་མིའི་སྙིང་སྟོབས་དང། བློས་གཏོང་མི་བྱེད་པའི་ཆོད་སེམས་ལ་དུས་ནས་དུས་སུ་བསྔགས་བརྗོད་གནང་གི་ཡོད། ང་ཚོས་ངེས་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་རྩེད་ཆས་སུ་མ་ཆགས་པ་དང་རྒྱ་ནག་གི་འབྲུག་གི་མཆེ་རྩེ་རྣོན་པོའི་ཁ་ནང་དུ་ལྷུང་མི་རུང་། མགོ་སྐོར་དང་བསླུ་བྲིད་བཟོ་བ་ནི་རྒྱ་ནག་གིས་སོ་སོའི་དགྲ་བོ་རྩ་མེད་བཟོ་རྒྱུའི་ཐབས་ལམ་ནུས་པ་ཆེ་ཤོས་དེ་རེད། ཁོ་ཚོས་འདས་པའི་ལོ་རྒྱུས་ནང་གོ་མིན་ཏང་ཚོགས་མིའི་སེམས་པ་འགུགས་ཐབས་སུ་བེད་སྤྱོད་བྱས་ཡོད་པ་དང་། ད་ལྟ་ཡང་ཁོ་ཚོས་ཐའེ་ཝན་མི་དམངས་ཚོའི་སེམས་པ་འགུགས་ཐབས་སུ་བེད་སྤྱོད་བྱེད་བཞིན་ཡོད།
ད་ལྟའི་དུས་ཚོད་འདི་ང་ཚོའི་སྤྱི་ཚོགས་ཀྱི་སྡེ་ཚན་མི་འདྲ་བའི་ནང་དུ་བསམ་ཚུལ་མི་འདྲ་བ་དང་། གནད་འགག་ཆེན་པོ་མེད་པའི་རྩོད་གླེང་ཁག་ལ་གཙོ་འཛིན་བྱེད་རྒྱུའི་དུས་སྐབས་མིན། ང་ཚོ་ཕྱོགས་ཁག་གྱེས་ན་རྒྱ་དམར་ཁོ་ནར་ཕན་ཐོགས་ཀྱི་ཡོད་རེད། དངོས་ཡོད་དཀའ་ངལ་ནི་བོད་མི་རྣམས་རྒྱ་དམར་གྱི་དབང་སྒྱུར་འོག་ཤིན་ཏུ་མི་སྐྱིད་པ་དང་སྡུག་བསྔལ་མྱོང་བཞིན་ཡོད་པ་གསལ་པོ་རེད། རྒྱ་དམར་གྱིས་བོད་མིའི་སྐད་ཡིག་དང་རིག་གཞུང། ཆོས་ལུགས་ཀྱི་ཤུལ་བཞག རང་བྱུང་ཁོར་ཡུག་དང་ཐོན་ཁུངས་སོགས་སྲུང་སྐྱོབ་བྱེད་འདོད་མེད་ལ། ང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་མེད་གཏོང་རྒྱུའི་ཀུན་སློང་བཅངས་པ་ལས་སྲུང་སྐྱོབ་བྱེད་འདོད་མེད། བོད་པའི་བུ་ཕྲུག་ཚོར་དམར་ཤོག་གི་ཕྱོགས་སུ་བློ་སྒྱུར་ཐབས་བྱེད་བཞིན་ཡོད། བོད་དང་འཛམ་གླིང་ཁྱོན་ཡོངས་ཀྱི་ཁེ་ཕན་ཆེད་ང་ཚོའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་འོས་འགན་དང་། ལྷག་པར་དུ་རང་དབང་ལྡན་པའི་འཛམ་གླིང་འདིར་གནས་པའི་བོད་མི་ཚོའི་འོས་འགན་རེད་སྙམ།
རྒྱ་མིས་ ༧ རྒྱལ་བ་རིན་པོ་ཆེའི་གོ་གནས་ཀྱི་གནས་བབ་ལ་འགྱུར་བ་མི་གཏོང་བའི་ཁས་ལེན་བྱས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་བཅུག་པ་རེད། དེ་བཞིན་རང་བཙན་གྱི་གནད་དོན་སྐོར་མ་གླེང་ན་གོ་བསྡུར་ཆོག་རྒྱུ་བཅས། གནས་སྟངས་དེ་གཉིས་ཀའི་ནང་རྒྱ་ནག་གིས་ཁས་ལེན་བྱས་པ་རྣམས་ཁོ་ཚོས་རྩིས་མེད་བཏང་བ་དང། ང་ཚོ་མགོ་འཐོམ་བཅུག་ནས་བསྡད་པ་དེས་རྒྱ་ནག་དམར་ཤོག་ཚོགས་པ་ཁོ་ནར་ཕན་ཐོགས་བྱུང་བ་རེད།
བོད་གཞུང་དང་མི་དམངས་ཀྱིས་ངེས་པར་དུ་རང་བཙན་གཙང་མ་འཚོལ་སྒྲུབ་ཀྱི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ཐུན་མོང་བ་ཞིག་རྙེད་དགོས་པ་དང། ང་ཚོའི་རིག་གཞུང་དང་མི་ཚེ་སྐྱེལ་སྟངས་རྒྱུན་སྲིང་བྱེད་པར་བོད་པའི་སྤྱི་ཚོགས་གཅིག་སྒྲིལ་བཟོ་བའི་ཐབས་ཇུས་ཤིག་ངེས་པར་དུ་རྙེད་དགོས་ཀྱི་འདུག རང་བཙན་གྱི་འཐབ་རྩོད་ནི་དཀའ་ཚེགས་ཅན་ཞིག་ཡིན་ཞིང་། དུས་ཡུན་རིང་པོར་གཏན་འབེབས་བྱེད་མི་ཐུབ་ཀྱང་། ང་ཚོས་དཀའ་སྡུག་ལ་བཟོད་བསྲན་བྱས་ནས་མཉམ་རུབ་ཀྱིས་མདུན་སྐྱོད་བྱས་ན་མི་འགྲུབ་པ་གང་ཡང་མེད། ཁ་ཤས་ཀྱིས་ཟེར་ན་མི་ཐེར་འབུམ་གཅིག་ལྷག་ཡོད་པའི་རྒྱ་ནག་ནི་སྟོབས་ཤུགས་ཆེ་དྲགས་པས་འགྲན་རྩོད་བྱེད་ཐུབ་ཀྱི་མ་རེད་ཟེར། འོན་ཀྱང། རྒྱ་ཁྱོན་ནི་གནད་འགག་ཅིག་མིན། དཔེར་ན། ཝེ་ཐི་ནམ་དང་། ཤར་ཏི་མོར། འབྲུག་ལྟ་བུ་རེད། ཟེར་སྲོལ་ལ་མི་ཆུང་མང་བས་བེ་ཤིང་ཆེ་བ་གཅོད་ཅེས་ཟེར།་(“Little folks have felled great oaks”) གཏམ་དཔེ་འདིའི་དོན་ནི། མི་ཆུང་མང་པོས་ཆིག་སྒྲིལ་དང་ཆོད་སེམས་བརྟན་པོ་བྱས་ན། ཤིང་སྡོང་ཆེན་པོ་འགྱེལ་ཐུབ་ཅེས་པའི་དོན་རེད།
ང་ཚོས་མི་རྟག་པའི་ཆོས་ཉིད་དེ་དྲན་པའི་དུས་ལ་ཡང་བབས་ཡོད། རྟག་བརྟན་གྱི་འགྱུར་བ་མེད་པའི་ཆོས་ཤིག་མེད། ཉི་མ་ནུབ་རྒྱུ་མེད་ཟེར་བའི་དབྱིན་ཇི་གོང་མའི་རྒྱལ་ཁམས་མཐར་རྩ་མེད་དུ་ཕྱིན་པ་དང། སྟོབས་ཤུགས་ཀུན་ལྡན་དུ་སྣང་བའི་ཨུ་རུ་སུ་དེ་ཡང་ལོ་ངོ་བདུན་ཅུའི་རྗེས་སུ་ཁ་འཐོར་ཞིང། ཉེ་ཆར་འཇིགས་སུ་རུང་བའི་སྲིད་དབང་སྒེར་འཛིན་པ་སཱ་དམ་ཧུ་སན་ (Saddam Hussain) དང་མདའ་དཔོན་གྷ་ཏ་ཧྥི་ (Colonel Gaddafi) ལྟ་བུའི་སྲིད་དབང་ཤོར་ནས་མགོ་རྟིང་བསླགས་ཡོད།
རྒྱ་ནག་ལ་རིམ་གྱིས་འགྱུར་བ་འགྲོ་བཞིན་པ་དེ་ང་ཚོས་མཐོང་ཐུབ། རྒྱ་ནག་དམར་ཤོག་ཚོགས་པའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་ཡོད་ལ། སྔོན་ཆད་རྒྱ་ནག་དང་གྲོགས་པོ་བསྒྲིགས་མྱོང་བའི་རྒྱལ་ཁབ་ཚོས་ད་ལྟ་རྒྱ་ནག་ནི་དོགས་ཟོན་བྱེད་དགོས་པའི་དགྲ་བོ་ཞིག་ཏུ་མཐོང་གི་ཡོད། རྒྱ་ནག་མི་དམངས་ཀྱིས་ད་ཆར་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་ཀྱི་མེད། རྒྱ་ནག་དམར་ཤོག་ཚོགས་པའི་ལམ་ལུགས་ལ་སེར་ཁ་གས་བཞིན་ཡོད་ལ། འགོ་ཁྲིད་ཚོས་ཡིད་ཆེས་དང་སྤོབས་པ་བརླག་བཞིན་པ་ནི་ཡི་གེ་གྱང་ངོས་སུ་བྲིས་པ་ལྟར་མཐོང་བཞིན་པ་དེ་རེད།
མཚན་མོའི་མུན་པ་སངས་རྗེས་འོད་སྣང་འཆར་རྒྱུ་རེད་ལ། བདེན་པ་དེས་གདུག་རྩུབ་ཅན་གྱི་དཔུང་ཚོགས་ལས་མཐར་རྣམ་པར་ཡང་རྒྱལ་རྒྱུ་རང་རེད། རང་ཡུལ་གྱི་རང་དབང་ཆེད་དུ་འཐབ་རྩོད་བྱེད་མཁན་ཚོ་རྒྱལ་གྱུར་ཅིག བཙན་འཛུལ་ལ་འགོག་རྒོལ་བྱེད་མཁན་གྱི་སྤུན་ཟླ་ཚོ་དང་མཉམ་རུབ་བྱེད་མཁན་ཚོར་རྒྱལ་གྱུར་ཅིག
ད་ལྟ་ཆིག་སྒྲིལ་བྱེད་དགོས་པ་ལས་ཁ་རྩོད་རྒྱག་པའི་དུས་སྐབས་མ་རེད།
༸གོང་ས་མཆོག་གི་སྐུ་ཚབ་ཟུར་པ་དང་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ཟུར་པ་ཕུན་ཚོགས་དབང་རྒྱལ་གྱིས་བྲིས།