རང་དབང་རང་བཙན།

དབྱིན་ལན་བོད་ཀྱི་དོན་གཅོད་ཟུར་པ་དང་། བོད་ཀྱི་དགེ་རྩ་ཚོགས་པའི་ཚོགས་གཙོ་ཟུར་པ་ཕུན་ཚོགས་དབང་རྒྱལ་གྱིས་བྲིས།

༡༩༥༠ ནང་རང་ཉིད་འཚར་ལོངས་བྱུང་སའི་ང་ཚོའི་རིག་གཞུང་གི་རྒྱབ་གཞུང་ངོ་སྤྲོད་པའི་ཐོག་ནས་རྩོམ་ཡིག་འདི་འགོ་འཛུགས་ཞུ་གི་ཡིན།

ང་ཚོ་ལ་སོ་སོའི་བླ་མ་དང་འགོ་ཁྲིད། དགེ་རྒན། ཕ་མ་སོགས་ཀྱི་ཞལ་ལ་ཉན་དགོས་པའི་སློབ་གསོ་སྤྲད་ཡོད་རེད། ཁོང་རང་ཚོ་གཅིག་པོ་བསམ་ཚུལ་མི་མཐུན་པའི་རིགས་ལ་མོས་མཐུན་བྱེད་མིན་ཙམ་ལས། ང་ཚོས་ཁོང་ཚོ་དང་རྩོད་པ་རྒྱབ་ཀྱི་མ་རེད། བྱས་ཙང་ང་ཚོས་ཁོང་རྣམ་པ་དང་འདྲ་མཉམ་གྱི་སྒོ་ནས་སྐད་ཆ་བཤད་སྲོལ་ཡོད་མ་རེད། གནས་སྟངས་འདི་འདྲའི་འོག་ནས་ཕན་ཚུན་བཀའ་མོལ་གྱི་འབྲེལ་ལམ་འགྱུར་བ་ཕྱིན་ནས། ཐད་ཀར་ཁོང་ཚོ་དང་བཀའ་མོལ་ཞུ་བདེ་མེད་པའམ་ཇེ་ཉུང་དུ་འགྲོ་ཡི་ཡོད་རེད། གནས་སྟངས་འདི་གསལ་པོ་རེད། དེང་སང་ཡང་གོང་རིམ་ནས་ཐག་གཅོད་གང་འདྲ་ཞིག་གནང་རུང་། ཐག་གཅོད་དེ་ཁྲིམས་སྒྲིག་མ་ཡིན་པར། བསམ་ཚུལ་ཙམ་ཡིན་པ་གསུངས་ན་ཡང་། བོད་རིགས་མི་དམངས་དཀྱུས་མའི་ནང་དུ་བསམ་ཚུལ་དེ་ལ་མོས་མཐུན་མེད་པའི་དབང་དུ་བཏང་ན་ཡང་། ཁ་སང་ནས་སྐད་ཆ་བཤད་རྒྱུ་ལ་དཀའ་ལས་ཁག་པོ་ཡོད་པར་དངོས་ཡོད་རེད།

ང་ཚོ་རྒྱ་གར་ནང་དུ་སྐྱབས་བཅོལ་བ་འབྱོར་མ་ཐག་ཏུ་དབུས་བོད་མིའི་སྒྲིག་འཛུགས་(དེ་དུས་བཙན་བྱོལ་བོད་གཞུང་) དང་མི་དམངས་གཉིས་ཀའི་མངོན་འདོད་བོད་རང་བཙན་ཡིན་པར་ཁ་གསལ་གཏིང་གསལ་གྱིས་བསྒྲགས་གཏམ་སྤེལ་བ་རེད། ངས་སྐབས་དེ་དུས་བྲིས་པ་ནང་བཞིན། ༡༩༨༠ ནང་བོད་རང་བཙན་འཐབ་རྩོད་ནས་རང་སྲིད་རང་སྐྱོང་ལ་བསྒྱུར་བ་དེ་བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་འཐུས་ཤོར་ཆེ་ཤོས་ཤིག་བྱུང་ཡོད་རེད། དེ་ནས་འགོ་ཚུགས་ཏེ་འཛམ་བུ་གླིང་གི་མིག་མདུན་དུ་དབུས་བོད་མིའི་སྒྲིག་འཛུགས་དེ་བོད་མིའི་ཚོགས་པ་ཙམ་ཞིག་ལས་བཙན་བྱོལ་བོད་གཞུང་མེད་པར་ཆགས་པ་ནས། ང་ཚོའི་མི་དམངས་དང་ང་ཚོ་ལ་རྒྱབ་སྐྱོར་གནང་མཁན་ཚང་མ་དབུ་འཐོམ་རྒྱུ་འགོ་ཚུགས་སོང་། རྒྱ་ནག་གིས་འདི་བོད་པའི་ཞན་ཆ་ཞིག་དང་ཁོང་ཚོའི་ཁེ་ཕན་ཞིག་ཏུ་བརྩིས་པ་རེད། འདི་ནི་ཕྱི་ལོ་ ༡༩༤༩ ལོར་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་ཁང་ཟེར་བ་རྒྱ་ནག་གུང་གྲན་གྱིས་གོ་མིན་ཏང་ནས། “མིག་འཕྲུལ་ལྟ་བུའི་སྟོབས་” ( Majic Power)ཀྱིས་རྒྱལ་ཁ་ལེན་དུས་ཟེར་བ་ནང་བཞིན་རེད། དེ་ནས་བཟུང་རྒྱ་ནག་མི་དམངས་གདུག་རྩུབ་ཆེ་བའི་ཚད་འཛིན་ནན་མོའི་འོག་གཏན་དུ་ལུས་པ་རེད།

“མིག་འཕྲུལ་ལྟ་བུའི་སྟོབས་”འདི་ལ་བརྟེན་ནས་རྒྱ་ནག་དམར་པོའི་རིང་ལུགས་ཀྱིས་ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཁར་ཏྲར་ལྟ་བུ་འཛམ་གླིང་ཁྱོན་ཡོངས་ནས་ཁོང་ཚོའི་དམིགས་ཡུལ་གྲུབ་པའི་རྒྱབ་སྐྱོར་བ་མང་པོ་ཐོབ་པ་རེད། གནད་དོན་འདིས་བོད་དེ་རྒྱ་ནག་གི་ཁྱིམ་ཚང་ཆེན་པོའི་ནང་དུ་ཕྱིར་ལོག་པར་མཚོན་པ་ལས། ང་ཚོས་རེ་བ་རྒྱག་པ་ལྟར་སའི་སྲིད་འཛིན་ཁར་ཏྲར་གྱིས་རྒྱ་ནག་དཔོན་རིགས་ཚོ་གནོན་ཤུགས་འོག་ཡོང་ཐབས་ཀྱི་རེ་བ་དེ་འབྲས་མེད་དུ་གྱུར་པ་རེད།

རྒྱལ་ཞེན་ཆེ་བའི་བོད་མི་དཀྱུས་མ་ཚོས་མུ་འཐུད་ནས་རྔམས་སྟོན་ཁྲོམ་སྐོར་བྱས་བཞིན་བོད་རང་དབང་གི་སྐད་འབོད་བྱས་དང་བྱེད་མུས་ཡིན་རུང་། ག་ལེར་ཁོ་ཚོའི་འབོད་སྒྲ་དང་མངོན་འདོད་དེ་བོད་རྒྱ་ནག་ནས་རང་དབང་དགོས་པའི་འབོད་སྒྲ་འགྱུར་རྒྱུའི་ཚབ་ཏུ་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་ཙམ་དུ་ཆགས་སོང་། རྒྱ་ནག་ནས་བོད་དེ་རང་བཙན་མ་ཐོབ་བར་དུ་བོད་མི་རྣམས་ཞི་བདེའི་ངང་ནས་འཚོ་ཐུབ་ཐབས་ནམ་ཡང་མེད།

ཇོན་བྷི་ལིང་ཏྲོན་གྱིས་གསུངས་པའི་“ལོ་རྒྱུས་སམ་མི་ལོ་བདུན་ཅུ་ཙམ་གྱི་རིང་དུ་བོད་མི་རྣམས་ལ་རྒྱ་ནག་མི་དམངས་དང་ཐོབ་ཐང་འདྲ་མཉམ་ཞིག་ནམ་ཡང་བྱུང་མེད་” ཅེས་པའི་བསྡོམས་ཚིག་འདི་ལ་མོས་མཐུན་ཆ་ཚང་ཡོད། ཉེ་སྔོན་བྱུང་བའི་གནས་ཚུལ་ཁག་གིས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་པའམ། ཡང་ན་འགྱུར་ལྡོག་ཡོང་བའི་རེ་བ་བྱེད་པ་དེས་བོད་ལ་དངོས་ཡོད་ཀྱི་གྲུབ་འབྲས་གང་ཡང་མེད་པར་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད། ཁོང་ཚོས་བོད་མི་སྤྱི་ཚོགས་ནང་ཁུལ་མཐུན་ལམ་མེད་པ་བཟོ་རྒྱུ་དང་། བོད་མི་རང་གིས་སོ་སོའི་མ་འོངས་པའི་མངོན་འདོད་ཐག་གཅོད་བྱེད་དབང་གཏོར་གཤིག་གཏོང་རྒྱུའམ་ཇེ་ཉུང་དུ་གཏོང་རྒྱུའི་འཆར་གཞི་རྒྱལ་ཁ་ཐོབ་དང་ཐོབ་མུས་རེད།

ང་ཚོས་འཐབ་རྩོད་དེ་གཞི་རྒྱ་ཆེན་པོ་རེད། ཡིན་ན་ཡང་ང་ཚོའི་ཕུགས་འདུན་བློས་གཏོང་བྱ་རྒྱུ་གདམས་ཁ་དེ་མ་རེད། ངས་གསལ་པོ་དྲན་གསལ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༦༠ ལོའི་གཡས་གཡོན་དུ་སེམས་ཤུགས་ནམ་ཡང་ཆགས་མི་རུང་བའི་བཀའ་སློབ་གནང་དོན་ “རང་ཉིད་ཀྱི་སྙིང་སྟོབས་དང་ཆོད་སེམས་རྒྱུན་འཁྱོངས་བྱས་ནས་ང་ཚོའི་རང་བཙན་སླར་གསོ་བྱ་དགོས” གསུངས། ༡༩༨༠ ལོར་བོད་དུ་དོན་དངོས་འཚོལ་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་(གུས་རང་དེའི་ནང་ཚོགས་མི་ཞིག་ཡིན) ཕྱིན་པའི་རིང་དང་། ༡༩༨༠ ནས་ ༢༠༡༩ བར་བོད་དང་རྒྱ་ནག་ཏུ་ཐེངས་མང་ཕྱིན་པའི་རིང་གི་མྱོང་ཚོར་ལས། བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་གི་བཀའ་སློབ་སྙིང་ལ་བཅངས་ནས་བོད་རང་དབང་རང་བཙན་གྱི་ཆེད་དུ་མུ་མཐུད་ནས་འཐབ་རྩོད་གནང་འདུག བོད་ནང་དུ་ཡོད་པའི་བོད་མི་ཚོ་རྒྱ་མི་ལ་ཡིད་ཆེས་མི་འདུག ང་ཚོ་རང་དབང་ལུང་པའི་ནང་དུ་སྡོད་མཁན་ཚོས་རྒྱ་ནག་འགྱུར་བ་ཡོང་རྒྱུའི་ཡིད་ཆེས་བྱས་པ་དེ་ནི་རྒྱ་ནག་དམར་པོ་གཞུང་གི་”མིག་འཕྲུལ་གྱི་སྟོབས་”ཀྱིས་ལམ་ནོར་བ་ཞིག་ཏུ་ཁྲིད་ཀྱི་ཡོད་རེད།

དེང་སྐབས་འཛམ་གླིང་ཐོག་རྒྱལ་ཁབ་མང་ཆེ་བས་ད་ལྟའི་ཀྲུང་གོའི་སྲིད་དབང་ནི་རང་དབང་གི་འཛམ་གླིང་ལ་འཇིགས་སྣང་ཧ་ཅང་ཆེན་པོ་ཞིག་ཡིན་པ་ཤེས་འགོ་བརྩམས་པ་དང་། རང་ཉིད་ཀྱི་མི་དམངས་ལ་གཉའ་གནོན་དང་གདུག་རྩུབ་བཏང་། བྱམས་པའི་བདག་ཉིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཉེས་མེད་བོད་མི་རྣམས་ལ་དམའ་འབེབས་དང་སྐྱོན་བརྗོད་སྣ་ཚོགས་བྱས། ཆབ་སྲིད་ཀྱི་གནས་བབས་འདི་འདྲའི་འོག་དང་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་ནས། མི་དམངས་ཀྱི་འོས་ཤོག་གི་ལམ་ནས་དབུ་ཁྲིད་བསྐོ་བཞག་གནང་ཆོག་པའི་ཆབ་སྲིད་ཀྱི་འགྱུར་འགྲོས་འོག བོད་པའི་དབུ་ཁྲིད་རྣམ་པས་གཞན་དང་མཉམ་དུ་རྒྱ་ནག་གུང་གྲན་རིང་ལུགས་ལ་ངོ་རྒོལ་དང་། དམངས་གཙོ་དོན་དུ་གཉེར་བ་ཙམ་གྱིས་མི་འདང་བར། བོད་ཀྱི་དབུ་ཁྲིད་ཀྱིས་གོམ་པ་མདུན་སྤོས་ཀྱིས་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ལ་དགོངས་ནས། ཁ་གསལ་པོའི་སྒོ་ནས་ང་ཚོ་ལ་བོད་རང་བཙན་དགོས་ཞེས་འཛམ་གླིང་ལ་གསལ་པོ་བསྒྲགས་དགོས་པ་དང་། ལོ་རབས་ ༦༠ པར་༧གོང་ས་ཏཱ་ལའི་བླ་མས་བཏོན་པའི་རེ་འབོད་བོད་རང་བཙན་བསྐྱར་གསོའི་རོགས་རམ་འབོད་བསྐུལ་དེ་བསྐྱར་གསོ་བྱེད་དགོས། བོད་ཀྱི་དབུ་ཁྲིད་དང་མི་དམངས་གཉིས་ཀའི་འབོད་སྒྲ་གཅིག་པོའི་ཐོག་ནས་བོད་རང་བཙན་རྒྱ་ནག་ནས་ལེན་ཐབས་བྱེད་དགོས། བོད་མི་ཚོས་ངེས་པར་དུ་གོམ་པ་སྔོན་དུ་སྤོས་ནས་ང་ཚོའི་མངོན་འདོད་དང་དགོས་འདུན་འཛམ་གླིང་མི་དམངས་ལ་ཤེས་སུ་འཇུག་དགོས། དེ་ནས་ཚང་མ་ཆིག་སྒྲིལ་གྱིས་མདུན་བསྐྱོད་བྱེད་ཐུབ།

ངས་བོད་རིགས་སྤུན་ཟླ་རྣམས་ལ་ཇོན་གྱིས་གསུང་པའི་ཚིག་དུམ་ཞིག་བསྐྱར་བཟློས་ཞུ་རྒྱུ་ཡིན། “རང་དབང་གི་རིན་ཐང་ནི་དུས་གཏན་དུ་གནས” གདུག་ཅན་གོང་དུ་བསྐུལ་བ་ལ། བཟང་པོས་ཅི་མི་བྱེད་པ་དེའོ།”

Share this:

Leave a Reply