རང་བཙན་གྱི་ཁྲིམས་འཆར་ནང་བོད་ཆོལ་ཁ་གསུམ་ཆ་ཚང་འཇུག་དགོས་པའི་རེ་སྐུལ་ཞུས་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རང་བཙན་ངོས་འཛིན་དགོས་པའི་ཁྲིམས་འཆར་དང་འབྲེལ་ནས། འབྲེལ་ཡོད་གྲོས་ཚོགས་འཐུས་མིར་ཁྲིམས་འཆར་ཡི་གེའི་ནང་བོད་རང་སྐྱོངས་ལྗོངས་ཚབ་ཏུ་བོད་ཆོལ་ཁ་གསུམ་ཆ་ཚང་འཇུག་དགོས་པའི་རེ་སྐུལ་ཞུས་འདུག

ཟླ་༦ པའི་ཚེས་༡ ཉིན་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡིག་ཚང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་འཚོགས་གནང་སོང་། དེ་གར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་དང་། དྲ་ཐོག་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྡོ་རྗེ་ཚེ་བརྟན། དེ་བཞིན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་བཅས་ནས་བཀའ་མོལ་དང་དྲི་བར་ལན་འདེབས་གནང་སོང་།

དེ་ཡང་དེ་སྔོན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པ་རེ་(Scott Perry) ཡིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རང་བཙན་དང་འབྲེལ་བའི་ཁྲིམས་འཆར་H.R. 6948 ཞེས་པ་ཞིག་བཏོན་ཡོད་པ་དང་། དེའི་ནང་ཨ་རིའི་སྲིད་འཛིན་ལ་བོད་རང་སྐྱོངས་ལྗོངས་དེ་རྒྱ་ནག་དང་ཐ་དད་ཀྱིས་རང་བཙན་རྒྱལ་ཁབ་ཡིན་པར་ངོས་འཛིན་བྱེད་པའི་དབང་ཚད་སྤྲོད་རྒྱུ་འཁོད་ཡོད་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས། གྲོས་ཚོགས་འཐུས་མི་ཁོང་གི་ལས་ཁུངས་སུ་འབྲེལ་བ་བྱས་ཏེ། བོད་མི་ཚོས་འཐབ་རྩོད་བྱེད་བཞིན་པའི་བོད་རང་བཙན་གྱི་ས་ཁོངས་སུ་ཆོལ་ཁ་གསུམ་ཆ་ཚང་ཚུད་ཀྱི་ཡོད་སྐོར་སྙན་སེང་ཞུས་ནས། ཆོལ་ཁ་གསུམ་གྱི་ས་ཁྲ་དང་། ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་ཆོལ་ཁ་གསུམ་ཆ་ཚང་ནས་བྱུང་ཡོད་པ། དེ་བཞིན་རང་སྲེག་རྒྱ་རྒོལ་དེ་ཡང་ཆོལ་ཁ་གསུམ་ཡོང་རྫོགས་ནས་བྱུང་ཡོད་པ། ཁོང་གི་ཁྲིམས་འཆར་ནང་དུ་བོད་རང་སྐྱོང་ལྗོངས་ཞེས་པའི་ཚབ་ཏུ་བོད་ཆོལ་ཁ་གསུམ་ཡོང་རྫོགས་ཞེས་པ་འཇུག་ཐབས་གནང་བའི་རེ་སྐུལ་ཞུས་འདུག་པ་དང་། ཁོང་གིས་ད་ལྟའི་ཆར་ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལག་ཏུ་ཡོད་པ་དང་། གལ་ཏེ་དེ་ནས་ངོས་ལེན་བྱུང་བ་དང། དེའི་རྗེས་སུ་འགྱུར་བཅོས་གཏོང་རྒྱུའི་ལམ་ཁ་ཡོད་ཚེ་འགྱུར་བ་གཏོང་རྒྱུ་ཁས་ལེན་བྱས་ཡོད་སྐོར་ཁོང་རྣམས་པས་གསུངས་སོང་།

དེ་ཡང་ཚོགས་པ་གཉིས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་འཁོད་གསལ། བོད་རང་བཙན་འཐབ་རྩོད་བྱེད་མཁན་གྱི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པ་རེ་ (Scott Perry)མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རང་བཙན་དང་འབྲེལ་བའི་ཁྲིམས་འཆར་H.R. 6948 ཞེས་པ་ཞིག་བཏོན་གནང་བར་དགའ་བསུ་ཞུ་རྒྱུ་ཡིན།

ཁྲིམས་འཆར་འདི་ནི་ལོ་ངོ་བདུན་ཅུའི་རིང་བོད་མིས་རང་དབང་རང་བཙན་གྱི་འཐབ་རྩོད་བྱས་པའི་ལོ་རྒྱུས་ཀྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ། ཨ་རིའི་མི་མང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་དང་བོད་མིའི་བདེན་དོན་འཐབ་རྩོད་ལ་ངོས་འཛིན་ཞུས་པ་ནི་གལ་ཆེའི་གྲུབ་འབྲས་ཤིག་དང་ལོ་རྒྱུས་རང་བཞིན་ཅན་ཞིག་ལ་གྱུར་ངེས་རེད། 

ཁྲིམས་འཆར་ (H.R. 6948) དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ཡོད་པའི་བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་དང་འབྲེལ་མེད་ཀྱི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས་ཞེས་དགོས་འདུན་བཏོན་འདུག་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས་གྲོས་ཚོགས་འཐུས་མིའི་ལས་ཁུངས་སུ་འབྲེལ་མཐུད་ཀྱིས་གོང་གི་ཁྲིམས་འཆར་གྱི་ཚིག་དོན་ལ་བསྐྱར་བཅོས་ཀྱིས་ཁྲིམས་འཆར་དེའི་ནང་བོད་ཆོལ་ཁ་གསུམ་ཆ་ཚང་འཇུག་གནང་ཡོང་བའི་རེ་འདུན་ཞུ་བཞིན་ཡོད། 

བོད་རང་སྐྱོང་ལྗོངས་ཞེས་པ་ནི་རྒྱ་ནག་དམར་ཤོག་གཞུང་ནས་བོད་ལ་བཙན་འཛུལ་བྱས་རྗེས་སྤྱི་ལོ་ ༡༩༦༥ ཟླ་ ༩ ཚེས་ ༩ ཉིན་གསར་བཙུགས་བྱས་པ་དང། དེར་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་གསུམ་ཆ་གཅིག་ཙམ་ལས་མེད། དེར་བརྟེན་མི་ལོ་བདུན་ཅུའི་རིང་གཞིས་བྱེས་གཉིས་སུ་ཡོད་པའི་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་ནས་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་སླད་རྒྱ་དམར་གྱི་དབང་བསྒྱུར་ལ་རྒོལ་ལེན་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་གཞིས་ལུས་ཆོལ་གསུམ་བོད་མི་ ༡༥༦ ཙམ་ནས་རྒྱ་ནག་དམར་ཤོག་གཞུང་གིས་བཙན་གནོན་དང་བཙན་འཛུལ་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་སྲེག་ཀྱང་གནང་ཡོད། 

རྒྱ་ནག་དམར་པོའི་གཞུང་གིས་ཐོག་མ་ཉིད་ནས་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཡང་དག་ཅིག་མ་བྱས་པ་དང་། རིམས་ནད་དང་འབྲེལ་བའི་གནད་དོན་མང་དག་ཅིག་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་སྦས་གསང་བྱས་པ་སོགས་ཀྱི་རྐྱེན་པས། ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་གང་སར་ནད་ཡམས་དེས་དཀའ་ངལ་ཚབ་ཆེན་བཟོས་ཡོད། དེ་བཞིན་གནས་ཚུལ་འདི་དག་ལས་རྒྱ་ནག་དམར་པོའི་གཞུང་གི་དྲག་གནོན་དང་ཉུལ་ཞིབ་སྲིད་ཇུས་སོགས་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པ་གསལ་ཁ་ཐོན་ཡོད། དེར་བརྟེན་རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་ཁག་ནས་རྒྱ་དམར་གཞུང་གིས་བོད་དང་། ཡུ་གུར། ནང་སོག ཧོང་ཀོང་། ཐའེ་ཝན། དེ་བཞིན་རྒྱ་ནག་རང་གི་མི་རིགས་སོགས་ལ་ཡང་དབང་འཛིན་སྲིད་བྱུས་དང་། གསང་ཉུལ་ལྟ་སྲུང་སོགས་ཀྱི་སྟངས་འཛིན་འོག་ཡུན་རིང་བཟོད་པར་དཀའ་བའི་དཀའ་ངལ་ཚབ་ཆེ་བཟོས་ཡོད་པར་རྒྱ་ནག་གཞུང་ནས་འགན་འཁྲི་དང་ལེན་བྱ་དགོས་པའི་དགོས་འདུན་འདོན་དགོས། 

ངེད་ཚོས་ད་ལྟའི་ཁྲིམས་འཆར་ལ་དགའ་བསུ་ཞུ་རྒྱུ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་ཚོགས་སྡེ་ཁག་ནས་ཀྱང་མཉམ་རུབ་དང་གདུང་སེམས་མཉམ་སྐྱེད་ཀྱིས་ད་ལྟའི་ཛ་དྲག་གི་གནས་སྟངས་འདིར་རང་དབང་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སོགས་ཀྱི་རིན་ཐང་ལ་སྲུང་སྐྱོབ་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ད་དུང་ངེད་ཚོས་འབོད་སྐུལ་ཞུས་ཏེ་འཛམ་གླིང་ཡུལ་གྲུ་ཁག་གི་གཞུང་སོ་སོས་འཕྲལ་དུ་རྒྱ་ནག་གཞུང་གི་དབང་འཛིན་སྲིད་ཇུས་ལ་ངོ་རྒོལ་གྱིས་བོད་མིའི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་དང་རྒྱ་ནག་གཅིག་གི་སྲིད་ཇུས་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོས་ལེན་མི་གནང་བའི་རེ་བ་ཡང་ཞུ་བཞིན་ཡོད།

ད་དུང་ངེད་ཚོའི་རེ་བར་རྒྱལ་ཁབ་གཞན་གྱི་གཞུང་དང་གཞུང་འཛིན་མི་སྣ་བཅས་ནས་ཀྱང་རྒྱ་ནག་དམར་ཤོག་གཞུང་དང་འབྲེལ་བ་གནང་སྐབས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པའི་ཐོག་ཁྲིམས་འཆར་འདི་ལྟ་བུ་འདོན་གནང་ཡོང་བ་དང་བོད་དེ་རྒྱ་ནག་ལས་ཐ་དད་དང་དམར་ཤོག་གཞུང་གི་བཙན་འཛུལ་འོག་ཡོད་པའི་རང་བཙན་རྒྱལ་ཁབ་གཅིག་ཡིན་པར་ངོས་འཛིན་གནང་བའི་རེ་སྐལ་ཞུ་བཞིན་ཡོད་ཅེས་འཁོད་འདུག 

དེ་བཞིན་ཁོང་རྣམས་པས་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་དང་བསྟུན་ནས། བོད་མི་ཚོས་གོ་སྐབས་དམ་འཛིན་བྱེད་ནས། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།
རྒྱ་གར་གྱི་གསར་འགོད་པའི་དྲི་བའི་ལན་དུ། ཁོང་རྣམ་པས་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་རྩོད་རྙོག་ཐོག བོད་དང་བོད་མི་རྣམས་རྒྱ་གར་གྱི་རྒྱབ་ཏུ་ཡོད་ཤག་ཡིན་པ་དང་། རྒྱ་གར་གྱི་ངོས་ནས་རྒྱ་ནག་གཅིག་གྱུར་དང་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་དེ་འགྱུར་བ་གཏོང་བའི་དུས་ལ་སླེབས་ཡོད་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།