རང་ཡུལ་མངའ་རིས་བོད་ཀྱི་དིང་རིའི་ས་ཡོམ་གྱི་མྱ་ངན་གདུང་དབྱངས།

ཀྱེ་མ་ཀྱེ་ཧུད་གངས་ཅན་བོད་ཡུལ་གྱི་མགོན་པོ། །
གངས་ཅན་ཉམས་ཐག་རྣམས་ཀྱི་ལས་བསྐོས་ལ་གཟིགས་དང་། །
གཟིགས་པ་ཀློང་ནས་མ་གཡེལ་དམ་བཅའ་ལ་དགོངས་ནས། །
དགོངས་པ་ཇི་བཞིན་མ་ཐོགས་ད་ལྟ་རང་སྒྲུབ་མཛོད། །

ཀྱེ་མ་ཀྱེ་ཧུད་རང་ཡུལ་ཆོས་ལྡན་གྱི་ཞིང་ན། །
ཆོས་བཞིན་གཞན་ལ་འཚེ་མེད་ཀྱིས་འཚོ་ཡང་། །
གཞན་གྱིས་བརྩེ་མེད་འཚེ་བས་སྣོད་བཅུད་ཀུན་བཅོམ་ནས། །
ཀུན་གྱི་བྲན་མཐར་གྱུར་བའི་ངང་ཚུལ་འདིར་གཟིགས་ཤིག།།

ཀྱེ་ཧུད་སྡང་དགྲ་གཞན་གྱིས་གཙེས་པ་འདི་སྲིད་ཀྱང་། །
སྲིད་ནས་ད་བར་འཚོ་བའི་རང་ཡུལ་གྱི་འབྱུང་བས། །
འབྱུང་མི་རུང་བའི་རང་ལ་སྡང་བ་འདི་ཅི་ཡིན། །
ཅི་ཁྱེད་དགྲ་ལ་སྤྲེལ་ལད་བྱེད་པ་འདི་ཀྱེ་མ། །

ཀྱེ་མ་ཀྱེ་ཧུད་ཀུན་བཟོད་སྒེག་མོ་ཡིས་འབོད་པའི། །
ས་སྒང་ཁྱེད་ཀྱིས་ཁྲེལ་མེད་གཞན་བྱས་ཀུན་བཟོད་ན། །
བློ་དཀར་ཆོས་ལྡན་བོད་རིགས་གྲངས་ཉུང་འགའ་ཁུར་བར། །
མི་བཟོད་གཡོ་འགུལ་བླ་འོག་བསྒྱུར་བ་འདི་ཅི་ཡིན། །

ཨེ་མ་སྒེག་མོ་དར་མའི་འཚར་སྡུག་གི་ལང་ཚོར། །
མི་སྡུག་རྣམ་འཚེའི་གདོང་གིས་ཁྱེད་ཞལ་ལ་མཇལ་ཀྱང་། །
བཞིན་འཛུམ་དགའ་བདེའི་ཉམས་ལ་འགྱུར་མེད་འདི་ཁྱེད་གཤིས། །
དེ་རིང་ཁྱེད་དགའི་གདོང་མཐོང་ཁྲོ་གཉེར་འདི་སྐྱི་གཡའ།།

རྭ་དང་རྨིག་པ་རྣོ་བ་འཆི་བདག་གི་གཞོན་པས། །
བརྩེགས་པའི་མཁར་རྫོང་སྒྱེལ་བའི་ཆོམ་ཆོམ་གྱི་སྒྲ་དང་། །
ཉམ་ཐག་གདུང་བའི་ངུ་སྒྲ་མཐོན་པོ་དང་འདྲེས་ཏེ། །
གོ་ལའི་འཁོར་སྒྲར་འགྲོག་པའི་སྣང་ཚུལ་འདི་ཀྱེ་མ། །

འཇིགས་རུང་འཆི་བདག་གླལ་བའི་ཁ་ནང་དུ་གཙིགས་པ། །
མི་བཟད་འཆེ་བ་འབར་བའི་ཁ་དབྲག་ན་ཚུད་པའི། །
ཉམ་ཐག་ཧྲིག་ཧྲིག་མིག་གིས་གཉེན་འཁོར་ལ་བལྟ་བཞིན། །
མཐར་བྱེད་ལྟོ་བར་བརྫང་བའི་སྣང་ཚུལ་འདི་ཀྱེ་ཧུད། །

རང་ཉིད་སྲུང་ཕྱིར་བརྩེགས་པའི་བཙན་པོ་ཡི་མཁར་རྫོང་། །
རང་གི་ཐོག་ཏུ་སྒྱེལ་ནས་རང་ལུས་ཀྱི་ཤ་རུས། །
རང་དང་སོ་སོར་ཕྲལ་བའི་ངང་ཚུལ་འདི་མཐོང་བར། །
རང་གི་གཉེན་བཤེས་ཕ་མའི་ཆོ་ངེ་འདི་སྐྱོ་བ། །

དུས་ཀྱི་ཕོ་ཉའི་ཁ་ལས་ལྟས་དབང་གིས་ཐར་ཀྱང་། །
བསགས་པའི་ཟས་གོས་ཟབ་དོང་རིང་མོ་ལ་ཤོར་བས། །
རེ་བའི་ལག་རིང་བསྲིང་ཡང་སྙོབས་ཐབས་དང་བྲལ་ནས། །
བཀྲེས་ལྟོག་གྲང་རེག་བཟོད་མེད་ཀྱིས་མནར་འདི་ཀྱེ་ཧུད། །

ལ་ལ་བརྩེ་བའི་རང་གི་ཕ་མ་ལ་འཕྲེང་བཞིན། །
རྒྱུས་མེད་འཇིགས་རུང་འཕྲང་ལ་བཙན་ཤད་ཀྱིས་བརྫངས་ནས། །
ནམ་ཡང་འཕྲད་དུ་མེད་པའི་ཐག་རིང་དུ་བསྐལ་བའི། །
ཟུག་རྔུས་སྙིང་ལ་སྣུན་པའི་ངང་ཚུལ་འདི་སྐྱོ་བ། །

འགའ་ཞིག་རང་སྲོག་ལས་ཀྱང་ལྷག་པར་དུ་བརྩེ་ཞིང་།།
ཡོད་ཚད་ཁྱེད་ལ་སྟབས་ཀྱང་ཕངས་བློ་དང་བྲལ་བ། །
ལངས་ཚོའི་མེ་ཏོག་གསར་པ་རང་རིགས་ཀྱི་བུ་དང་། །
ཀྱེ་ཧུད་གཏན་དུ་བྲལ་བའི་གནས་སྐབས་འདི་སྐྱོ་བ། །

ཡོམ་ཡོམ་གཡོས་པའི་རི་བོ་འགུལ་བ་དང་ལྷན་དུ། །
ལྷུང་ལྷུང་བབས་པའི་ས་འཁྱག་རྡོ་རྒོད་ཀྱི་སེར་བས། །
དུམ་དུམ་བཏུབ་པའི་རང་རོ་རང་མིག་གིས་མཐོང་བའི། །
ཀྱེ་ཧུད་ངང་ཚུལ་འདི་ལ་བརྩེ་ལྡན་རྣམས་དགོངས་ཤིག །

གཙང་བདེ་རྟག་བདག་ལ་གོམས་རབ་གཅེས་ཀྱི་ལུས་ཉིད། །
བེམ་རིག་བྲལ་བའི་བམ་རོ་ཐང་མལ་དུ་བརྡལ་ནས། །
བྱ་ཁྱིས་ཅི་དགར་རོལ་ཞིང་ཤུལ་ལུས་ཀྱི་བརྩེ་གྲོགས། །
ཐབས་ཟད་མཆི་མས་བརྣང་བའི་ངང་ཚུལ་འདི་ཀྱེ་ཧུད། །

ཀྱེ་མ་སྔོན་གྱི་ལས་དང་སྨོན་ལམ་གྱི་སྦྲེལ་ཞིང་། །
གདོད་མའི་དུས་ནས་མི་གཉིས་རིགས་རྫས་ཀྱིས་བཅིང་བ། །
ས་མཐོའི་སྤྲེའུའི་བརྒྱུད་ཀྱི་གདོང་དམར་གྱི་བོད་རིགས། །
ཡུལ་གྱིས་བསྐལ་ཀྱང་ཁྱེད་དང་འབྲལ་མེད་དུ་ཡོད་དོ།།

གཏིང་མཐའ་བྲལ་བའི་སྙིང་རྗེའི་རྒྱ་མཚོ་ལས་ཐོན་པའི། །
བྱམས་སེམས་ནོར་བུས་དབབ་པའི་ཟས་གོས་ཀྱི་ཆར་བ། །
བྲེལ་བའི་ཞིང་སར་འབེབས་པའི་གནས་ཚུལ་འདི་མཐོང་དུས། །
རྟག་ཏུ་འགྲོ་ལ་དགོངས་པའི་སངས་རྒྱས་དང་བྱང་སེམས། །

བུ་ལ་ཕན་འདོགས་བརྩེ་བའི་མ་ཡུམ་གྱིས་གཟིགས་བཞིན། །
ཐུགས་ཡིད་གཏིང་ནས་དགྱེས་པའི་འཛུམ་དཀར་གྱི་ཟླ་བས། །
ཡིད་འོང་ཀུ་མུཏ་དཀར་པོ་ཁྱེད་ཐུགས་ཀྱི་དགོས་འདོད། །
ལེགས་པར་བཞད་པ་དངོས་པོའི་གཤིས་ལུགས་དང་ཆོས་ཉིད། །

གང་གིས་ཕོངས་ལ་གཏོང་བའི་ལག་ཟུང་དེ་བརྐྱངས་པའི། །
སྐྱེ་བོ་དེ་ལ་རྒྱལ་བའི་གསེར་མདོག་གི་ཕྱག་གཉིས། །
གླང་པོའི་སྣ་ལྟར་བརྐྱངས་ནས་དེ་ཉིད་ཀྱི་མགོ་བོར། །
ཡང་ཡང་བྱིན་གྱིས་བརླབས་པར་མདོ་རྒྱུད་ལས་གསུངས་སོ།།

ས་གཞི་མི་བཟད་གཡོས་པའི་ཤུགས་དྲག་གི་བསྣུན་པའི། །
མཚོན་གྱི་ཟུག་རྔུས་མནར་བའི་སྐྱེ་བོ་ཡི་སྡུག་བསྔལ། །
འབྱིན་ལ་ལྷོད་མེད་འབད་པའི་འཚོ་བྱེད་ཀྱི་ལྷ་རྗེ། །
དབྱིངས་ནས་སྲས་བཅས་རྒྱལ་བ་ཁྱེད་ཉིད་ལ་དགྱེས་ངེས།།

བཟོད་མེད་སྙིང་རྗེའི་ཆུ་འཛིན་ལས་འཇོ་སྣ་ཚོགས་སྦྱིན་པའི་གྲུ་ཆར་དགེ། །
འགལ་རྐྱེན་དྲོད་ཀྱིས་རྡུལ་ཙམ་མ་གོད་དགེ་བའི་ཀླུང་ཆེན་དུ་གྱུར་ནས། །
སྡུག་བསྔལ་ཚ་གདུང་བཅིལ་དང་ལྷན་ཅིག་བདེའི་དགའི་ལོ་ཐོག་རབ་རྒྱས་ཏེ། །
བྱང་ཆེན་རྒྱ་མཚོའི་ཀློང་དུ་གྱུར་ནས་བདེ་ལེགས་ནོར་བུ་འབྱུང་རྒྱུར་བསྔོས།།

ཀྱེ་མ་གསོན་དང་ལྔ་ལམ་རིང་མོ་རུ་ཆས་པའི། །
སྒྱུ་མའི་འཕྲུལ་སྣང་ཤར་བའི་གཉེན་འཁོར་དང་ཡོ་བྱད། །
གང་ལའང་མ་ཆགས་གངས་ཅན་གྱི་མགོན་གཅིག །
སྙིང་ནས་སྐྱབས་སུ་ཟུངས་ཤིག་སླུ་བ་ནི་མི་སྲིད།།

གྲིབ་མི་སྣང་བ་ལ་སོགས་བར་དོ་རུ་འཆར་བའི། །
རྟགས་རྣམས་ཤར་ཚེ་འཕགས་མཆོག་འཇིག་རྟེན་གྱི་དབང་ཕྱུག།།
སྤྲུལ་བ་བཅས་པས་ཁྱེད་ཉིད་བདེ་ལྡན་གྱི་ཞིང་དུ། །
ཁྲིད་དེ་འོད་དཔག་མེད་ཀྱིས་བཤེས་གཉེན་ནི་མཛད་ངེས། །

ཀྱེ་མ་སྲིད་པའི་དེ་ཉིད་གསལ་བ་ལ། །
བྱེ་མའི་ཁང་བུ་རྡེབས་ལ་མེས་པོ་བཞིན། །
ནམ་ཡང་ཞུམ་དང་འཇིགས་པའི་བློ་དོར་ནས། །
སྙིང་སྟོབས་དགུ་འགྱུར་སྲོག་གི་ཀ་བ་ཚུགས། །

ལྡོག་མེད་ལས་དབང་བཙན་པོའི་གོད་ཆག་གིས། །
གཙེས་པའི་དིང་རི་བོད་ཀྱི་འདས་གསོན་གྱི། །
དཔུང་རྒྱབ་གངས་ཅན་མགོན་དབུས་བོད་རིགས་གཙོས། །
འཛམ་གླིང་མི་དམངས་བྲག་རིའི་སྤོ་བཞིན་བརྟན། །
༡༢།༠༡།༢༠༢༥ ཉིན།
རག་རྡོ་བློ་བཟང་བསྟན་འཛིན་གྱིས་སྨྲེངས་སོ།།