རང་སྲེག་རྒྱ་རྒོལ་བ་རྡོ་རྗེ་ཚེ་རིང་གི་སྐུ་ཕུང་ཞུགས་འབུལ།
ཟླ་འདིའི་ཚེས་༦ ཉིན་རང་ལུས་མེར་སྲེག་གི་རྒྱ་རྒོལ་བྱེད་མཁན་རྡོ་རྗེ་ཚེ་རིང་གི་ཕུང་པོ་ཞུགས་འབུལ་གྱི་མྱ་ངན་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ། དེ་བཞིན་སྤྱི་འཐུས་ཁག་ཅིག་དང་། ཚོགས་པ་ཁག་གི་མཛད་གཙོ་རྣམས། སེར་སྐྱ་མི་མང་སོགས་མཉམ་ཞུགས་བྱས་ཡོད་པ་རེད།
ཉིན་དེའི་ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་ས་མག་གྷན་ལྷ་རྒྱ་རི་ལ་མྱ་ངན་གྱི་མཛད་སྒོ་ཚོགས་པ་དང་། བོད་ཀྱི་གཞོན་ལྷན་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་བོད་ནང་ནས་རྒྱ་ནག་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གནང་མཁན་གྲྭ་སྐལ་བཟང་དབང་འདུས་དང་། རྒྱ་གར་ནང་རང་ལུས་མེར་སྲེག་གནང་མཁན་རྡོ་རྗེ་ཚེ་རིང་གཉིས་ཀྱི་ལས་འགུལ་དང་འབྲེལ་གསུང་བཤད་གནང་བ་དང་། མྱ་ནང་གུས་འདུད་ཞུས་རྗེས། སེར་སྐྱ་མི་མང་གིས་བསྔོ་སྨོན་གསུངས་པ་དང་མཉམ་རྡོ་རྗེ་ཚེ་རིང་གི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་པ་རེད།
གྲྭ་སྐལ་བཟང་དབང་འདུས་གྱིས་རྒྱ་ནག་གི་བཙན་འོག་ནས་རང་ལུས་མེར་སྲེག་གནང་བ་ཡིན་པས། སྐུ་གྲོངས་རྗེས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
རང་ལུས་མེར་སྲེག་གི་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་སྐུ་ཕུང་དྷ་སར་ཞུགས་འབུལ་བྱས་པ་གསུམ་པ་དེ་ཆགས་ཡོད་པ་དང་། དང་པོ་༡༩༩༨ ལོར་ཐུབ་བསྟན་དངོས་གྲུབ་དང་། ༢༠༡༢ ལོར་འཇམ་དཔལ་ཡེ་ཤེས། ད་ཐེངས་རྡོ་རྗེ་ཚེ་རིང་བཅས་ཡིན་པ་རེད།
རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་རྗེས། བོད་མིས་ངོ་རྒོལ་འདྲ་མིན་བྱེད་ཀྱི་ཡོད་པ་དང་། རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་མཁན་བོད་ནང་༡༤༣ ཙམ་དང་། བཙན་བྱོལ་ནང་རང་སྲེག་ངོ་རྒོལ་བྱེད་མཁན་༧ ཙམ་བྱུང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
གནས་ཚུལ་སྔོན་སོང་ཁག